ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་འཛམ་གླིང་བཟའ་ཆས་ལས་གཞིའི་ཚོགས་པས་ World Food Programme འཛམ་གླིང་ནང་བཀྲེས་ལྟོགས་ཀྱི་དཀའ་ངལ་སེལ་ཆེད་དང་། རྩོད་རྙོག་ཅན་གྱི་ས་ཁུལ་ཁག་གི་ནང་ཞི་བདེ་གོང་འཕེལ་སླད་ཧུར་བརྩོན་གྱིས་ཕྱག་ལས་གནང་བར་བརྟེན། ནོར་ཝེ་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༠ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས་ཉིན་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པར་ཕུལ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ ཉིན་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པའི་འགན་འཛིན་ཌེ་ཝི་ཌི་བྷེ་སི་ལེ་ David Beasley ལགས་ལ་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། གཟེངས་རྟགས་འདི་ནི་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པས་འཛམ་གླིང་ནང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཉུང་དུ་གཏོང་སླད་ལས་འགན་གལ་ཆེན་སྒྲུབ་བཞིན་ཡོད་པར་ངོས་འཛིན་དུ་ཕུལ་བ་ཞིག་ཡིན།
རྩོད་རྙོག་དང་རང་བྱུང་གི་གོད་ཆག་སོགས་ལ་བརྟེན་ནས་འཛམ་གླིང་ནང་དབུལ་ཕོངས་དང་། བཀྲེས་ལྟོགས། ཟས་བཅུད་མ་འདང་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དཀའ་ངལ་དེ་དག་སེལ་ཆེད་དང་ལྷག་པར་ཆེས་ཉམ་ཐག་དགོས་ངེས་ཅན་རིགས་ལ་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པས་རོགས་རམ་གནང་གི་ཡོད། རོགས་རམ་དེ་ལ་བརྟེན་ནས་ཞི་བདེ་དང་བདེ་སྐྱིད་འབྱུང་གི་ཡོད། ནོར་ཝེ་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པར་ཆེ་མཐོང་གནང་བ་དེས་ཕྱོགས་གཅིག་ནས་འཛམ་གླིང་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་ཆུང་དུ་གཏོང་རྒྱུའི་ལས་འགན་ང་ཚོ་ཚང་མས་གང་ཐུབ་བསྒྲུབ་དགོས་པའི་དྲན་སྐུལ་ཞིག་ཀྱང་ཡིན།
ད་ལྟ་རྒྱལ་སྤྱིའི་འཕྲོད་བསྟེན་དཀའ་ངལ་གྱིས་འགྲོ་བ་མིའི་ཁྱིམ་ཚང་ཡོངས་ལ་ཉེན་བརྡ་གཏོང་བཞིན་ཡོད་པས་ང་ཚོ་ཚང་མས་མཉམ་རུབ་ཐོག་དཀའ་ངལ་སེལ་ཐབས་བྱེད་དགོས། རྒྱུ་མཚན་ནི་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། རྒྱལ་སྤྱིའི་མཉམ་རུབ་ཁོ་ནའི་ཐོག་ནས་བཀྲེས་ལྟོགས་དང་དབུལ་ཕོངས་མེད་པར་བཟོ་ཐུབ་ཀྱི་ཡོད། ངོས་རང་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པར་གནང་བ་དེས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་འགྲོ་བ་མི་གཅིག་ཀྱང་བཀྲེས་ལྟོགས་ཀྱི་རྐྱེན་པས་ལྟོགས་ཤི་མི་ཐེབས་པའི་འབད་བརྩོན་བྱ་བར་སེམས་ཤུགས་བསྐྱེད་ངེས་ཡིན་པའི་རེ་བ་ཤུགས་ཆེ་ཞུ་གི་ཡོད།
མཐའ་དོན་གོ་སྐབས་འདི་བརྒྱུད་ངོས་རང་སྒེར་གྱི་ངོས་ནས་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པའི་ཚོགས་མི་རྣམ་པ་དང་། ལས་གཞིའི་ནང་དངོས་སུ་ཞུགས་མཁན་རྣམ་པ། དེ་བཞིན་ལས་བྱེད་རྣམ་པས་གཞན་ཕན་གྱི་ཆེད་དུ་ཕྱག་ལས་རྒྱ་ཆེ་བ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ། །
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།