ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་གྱི་མཛད་སྒོར་བཀའ་སློབ་སྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨེ་པི་ཇེ་ཨབ་དུལ་ཀཱ་ལམ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ལས་ཁང་ནས་གོ་སྒྲིག་ཞུས་པ་བཞིན་སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཀྱིས་བཀའ་སློབ་དང་དྲི་བ་ཁག་ལ་བཀའ་ལན་སྩལ་རྒྱུ་ཡིན་ཞིང་། བཀའ་སློབ་འདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་ཞུ་རྒྱུ་ཡིན་པ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །