ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༦ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་འཛམ་གླིང་དུད་འགྲོ་ཉིན་མོར་བཀའ་སློབ་སྩལ་དོན། དེང་སང་མི་ཁ་ཤས་ཀྱིས་དངོས་གནས་དྲང་གནས་དུད་འགྲོའི་རང་དབང་ཐད་ཐུགས་ཁུར་ཆེ་བཞེས་གནང་གི་འདུག དེ་ནི་ཧ་ཅང་སེམས་ཤུགས་སྐྱེད་འོས་པ་ཞིག་རེད། གལ་ཏེ་འཛམ་བུ་གླིང་འདིའི་སྟེང་ང་ཚོ་འགྲོ་བ་མི་གཅིག་པུ་མ་གཏོགས་སྲོག་ཆགས་གཞན་ཚང་མ་རྩ་སྟོངས་སུ་གྱུར་ཚེ། ང་ཚོས་དངོས་གནས་དྲང་གནས་སྟོང་ལྷང་ངེར་ཚོར་ངེས་རེད། མཁའ་དབྱིངས་སུ་འཕུར་བཞིན་པའི་རྣམ་པར་བཀྲ་བའི་ཚོན་མདོག་སྣ་ཚོགས་ཅན་གྱི་སྲོག་ཆག་བྱ་བྱིའུ་དང་འབུ་སྲིན། ཉ་ལ་སོགས་ནི་འཛམ་གླིང་འདིའི་རྒྱན་ཆ་ལྟ་བུ་རེད།
སྲོག་ཆགས་དེ་དག་ནི་ཧ་ཅང་ལྟ་ན་སྡུག་པ་ཞིག་རེད། དེང་སང་ང་ཚོས་སྲོག་ཆགས་རྣམས་ལ་ཧ་ཅང་བཤུ་གཞོག་གཏོང་གི་ཡོད། ཨ་རི་ལྟ་བུ་མཚོན་ན་ཤ་འཚོང་གི་ཆེད་དུ་བ་གླང་གསོ་སྐྱོང་ཁང་རྒྱ་ཆེན་པོ་དེ་འདྲ་བཟོས་ཡོད། དེས་ཕྱོགས་གཅིག་ནས་ཁོར་ཡུག་ལའང་གནོད་ཀྱི་ཡོད་པས་ཚབས་ཆེན་རེད། ལག་ལེན་གྱི་ཆ་ནས་བཤད་ནའང་ང་ཚོ་ཚང་མ་དཀར་ཟས་ཅན་ཆགས་ཐུབ། དམིགས་བསལ་གྱི་གནམ་གཤིས་གྲང་ངར་ཆེ་བའི་ས་ཁུལ་དཔེར་ན་བོད་ཀྱི་བྱང་ཕྱོགས་དང་སོག་པོ་ཚོར་མཚོན་ན་མི་རབས་ནས་མི་རབས་སྒོ་ཕྱུགས་སེམས་ཅན་ལ་བརྟེན་ནས་འཚོ་བཞིན་ཡོད་ཀྱང་། རྒྱ་གར་ནང་ལ་མཚོན་ན་སྔོ་ཚལ་རིགས་འབེལ་འབེལ་ལྷུག་ལྷུག་ཡོད་པ་མ་ཟད། དཀར་ཟས་ཧ་ཅང་ཡག་པོ་ཡོད། དེར་བརྟེན་འདས་པའི་ལོ་ཤས་ནང་ངོས་ཀྱིས་རྒྱ་གར་དུ་ཡོད་པའི་དགོན་སྡེ་ཆེ་ཁག་དང་སློབ་གྲྭའི་སྤྱི་ཐབ་ནང་དཀར་ཟས་བཟོ་དགོས་པའི་འབོད་སྐུལ་ཞུས་པ་ཡིན། དཀར་ཟས་ལ་རོལ་རྒྱུའི་ཆེད་དུ་ང་ཚོས་ཞབས་འདེགས་ཅུང་ཙམ་ཞུས་ཡོད། དཀར་ཟས་གོང་མཐོར་གཏོང་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དཀར་ཟས་ཐད་དོ་སྣང་མང་ཙམ་བྱེད་དགོས། ཞེས་བཀའ་སློབ་སྩལ།།