ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་གཉིས་ཀྱི་བཀའ་ཆོས་དང་། དེ་བཞིན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་དེ་ཐེངས་འདིའི་གསུང་ཆོས་གནང་སྒོ་ཁག་ལེགས་པར་གྲུབ་ཡོད།
དེ་ཡང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཚང་མར་འཚམས་འདྲི་ཞུ་བཞིན་ཡོད། སྨོན་ལམ་ཚིགས་བཅད་ཀྱི་མཇུག་ཏུ་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་འཇུག་པར་ཤོག་ཅེས་པ་དེ་སྨོན་ལམ་གྱི་ཚིག་ཙམ་མིན་པར་རྒྱལ་སྲས་སྤྱོད་ལ་འཇུག་པར་བགྱིའོ་ཞེས་ད་ལྟ་རང་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཀྱི་ཡིན། རྒྱལ་སྲས་སྤྱོད་ལ་སློབ་པར་བགྱིད་ཅེས་སེམས་བསྐྱེད་གཟུང་རྒྱུ་ཞིག་ཀྱང་ཆགས་ཀྱི་ཡོད། དཔེར་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཟེར་བ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་ཞེས་པ་གཉིས་ལ་ཁྱད་པར་འདུག བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་སྟོང་ཉིད་ཀྱི་ལྟ་བ་ཇི་ཙམ་ཟབ་པོ་ཡོད་ནའང་དེ་ཙམ་གྱི་ཉོན་མོངས་སྤང་རྒྱུ་མ་གཏོགས་ཤེས་སྒྲིབ་སྤང་རྒྱུ་ཡོང་གི་མེད། གང་ལྟར་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་དབུ་མ་འཇུག་པའི་ནང་གསུངས་པ་ནང་བཞིན། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་དབུ་མ་འཇུག་པའི་མཆོད་བརྗོད་འདི་སྐྱབས་ཡུལ་གཞན་ལ་མཆོད་བརྗོད་མ་མཛད་པར་སྙིང་རྗེ་ཆེན་པོ་ལ་མཆོད་བརྗོད་མཛད་པ་ཡིན། འདི་གང་ཡིན་ཞེ་ན། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཐོག་མའི་ས་བོན་ལྟ་བུ་དང་། བར་དུ་གོང་ནས་གོང་དུ་འཕེལ་རྒྱུ་དེ་དག་ཚང་མ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་མོས་བྱེད་ཀྱི་ཡོད། དེར་བརྟེན་དཔལ་ལྡན་ཟླ་བ་གྲགས་པས་སྙིང་རྗེ་ཆེན་མོར་བསྟོད་ཕྱག་འདི་ལྟར་གསུངས་པ་རེད།
སྙིང་རྗེ་ཆེན་པོ་བཟུང་བའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་ཇི་ཙམ་ཟབ་པ་བྱུང་བ་དེས་ཚོད་ཀྱིས་རིམ་བཞིན་ཉོན་མོངས་པ་དང་དེའི་བག་ཆགས་དང་བཅས་པ་སྦྱོང་ཐུབ་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། དེ་ཡི་རྩ་བ་སྙིང་རྗེར་འདོད། ཅེས་གསུངས་པ་ནང་བཞིན་དེའི་རྩ་བ་སྙིང་རྗེ་རེད། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་ཤུགས་དྲག་ཅིག་བྱུང་བ་ཡིན་ན། དེ་ལ་སྡུག་བསྔལ་ལས་བྲལ་ཐབས་གང་བྱེད་རྒྱུ་ཡོད་ན་སྙམ་པའི་བློ་སླེབ་ཡོང་དུས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མ་ཐོབ་པ་ཐབས་མི་འདུག་བསམ་པ་དང་། དེ་ལ་སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན་སོགས་ཉམས་ལེན་བྱེད་རྒྱུའི་སེམས་ཤུགས་རིམ་བཞིན་སླེབ་ཡོང་གི་ཡོད། བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
གཞན་ཡང་དེ་རིང་ཐེངས་འདིའི་ཆོས་འབྲེལ་ལ་ལེགས་བཤད་སྙིང་པོའི་ཐོག་མཐའ་བར་གསུམ་སྙིང་བསྡུས་བཤད་པ་དེ་ལྟར་རེད། ནད་ཡམས་འདི་ལོ་རྗེས་མར་ཕལ་ཆེར་དྲག་མི་ཡོང་ངམ། རིམ་བཞིན་ནད་ཡམས་དྲག་ན་ངོས་ཀྱིས་གཙུག་ལག་ཁང་དང་། རྡོ་རྗེ་གདན་ནས་ཆོས་འབྲེལ་བྱེད་པ་སོགས་ནམ་རྒྱུན་འཆར་ཅན་ལྟར་བྱེད་ཐུབ་པ་མ་ཟད། ངོས་ཀྱིས་དེ་ལྟར་བྱེད་པའི་སེམས་ཤུགས་སྒྲིམ་ནས་ཡོད། མཁྱེན་སོང་ངམ། སྔོན་ལ་ནད་ཡམས་འདིར་ཏོག་ཙམ་ཟོན་བྱེད་དགོས་པ་ཞིག་འདུག ལོ་སར་ནས་ནད་ཡམས་དྲག་ཏུ་ཕྱིན་ཚེ་ནམ་རྒྱུན་འཆར་ཅན་ལྟར་རྒྱ་མིའི་ཆོས་གྲོགས་ཚོ་དང་ཐེ་ཝན་གྱི་ཆོས་གྲོགས་ཚོ་རེད། ཕྱི་རྒྱལ་གྱི་མི་མང་པོ་ཡོང་གི་ཡོད་པ་རེད། ཁྱོད་ཚོར་ཆོས་འབྲེལ་བྱ་རྒྱུ་ངོས་རང་ཨང་གསར་ཡིན།
བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཞེས་གསུངས་ཡོད། གང་ལྟར་སོ་སོར་བདེ་སྡུག་ཅི་འདྲ་ཞིག་ཡོང་མིན་ནང་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ས་ལམ་གྱི་རྟོགས་པ་གྲོལ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་དང་མི་ཐོབ་ཚང་མ་སོ་སོར་ཐུག་ཡོད། སྐྱབས་འཇུག་ཞུས་ནས་ཕྲན་བུ་ཕན་ཐོགས་ཡོད་ཀྱང་། གཙོ་བོ་སོ་སོས་ཉམས་ལེན་བྱེད་པ་ལ་ཐུག་ཡོད། དེར་བརྟེན་ངོས་ལ་ཆ་བཞག་ནའང་ཉིན་རེ་བཞིན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ། དེའི་ཐོག་སྔགས་ཀྱི་ལྷའི་རྣལ་འབྱོར་མང་པོ་ཞིག་བླ་མའི་མདུན་ནས་དབང་ཞུས་ཏེ་ཁས་ལེན་ཡོད་པ་ལྟར་འདོན་བཞིན་ཡོད། གཙོ་བོ་སེམས་ལ་འགུལ་བསྐྱོད་ཐེབས་བྱེད་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རེད། དེའི་ཆ་རྐྱེན་ལྟ་བུར་སྤྱོད་འཇུག་དང་འཇུག་པ་རང་འགྲེལ། རྩ་བ་ཤེས་རབ་སོགས་དུས་དང་དུས་ལ་ངོས་ཀྱིས་ཀློག་བཞིན་ཡོད།
ངོས་ལ་ཆ་བཞག་ནའང་ད་ལོ་དང་ལོ་སྔོན་མ་བསྡུར་བ་ཡིན་ན་ཕལ་ཆེར་སེམས་ཀྱི་ཉམས་མྱོང་ཕྲན་བུ་ཆེ་རུ་འགྲོ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་དེ་བཞིན་བྱས་ནས་ད་ལྟའི་བསམ་བློའི་འགྲོ་སྟངས་དང་ལོ་སྔོན་མའི་བསམ་བློ་གཉིས་བསྡུར་བ་ཡིན་ན་ཏོག་ཙམ་ཡར་རྒྱས་ཕྱིན་འདུག་བསམ་པ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལོ་མང་པོ་ཕྱིན་ཀྱང་སེམས་ཡར་རྒྱས་མ་སོང་། ཆོས་ཀྱི་སློབ་སྦྱོང་གང་ཙམ་ཡོད་ནའང་སེམས་ཡར་རྒྱས་འགྲོ་རྒྱུ་མེད་པ་ཡིན་ན་མ་འགྲིག་པ་རེད། སོ་སོས་སོ་སོར་སེམས་ཀྱི་ཞུ་དག་བཏང་ནས་རྩད་གཅོད་བྱེད་སྐབས་སྔོན་མ་ལོ་བཅུའི་གོང་གི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཕྱིན་འདུག་བསམ་པ་ལྟ་བུ་དང་། ལོ་རེ་རེའི་ནང་དུ་འགྱུར་བ་ཕྱིན་འདུག་བསམ་པ་ལྟ་བུ་གང་ལྟར་ཞུ་དག་གཏོང་དུས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་སོ་སོས་ཉམས་ལེན་བྱས་ནས་འགྲོ་དགོས་པ་རེད། ཉམས་ལེན་བྱེད་རྒྱུ་མེད་པར་སྐྱབས་འཇུག་ཞུས་ནས་བསྡད་པ་ཡིན་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་བཅོམ་ལྡན་འདས་ཀྱི་ལས་འགན་ལྟ་བུ་ནི་ང་ཚོར་གནས་ལུགས་བཤད་པ་དེ་རེད། གནས་ལུགས་གསུངས་ཡོད་པ་ལ་ང་ཚོས་ཐོག་མར་སློབ་སྦྱོང་བྱས། དེ་ནས་ཡང་ཡང་བསམ་བློ་བཏང་། དེ་ནས་ཆུ་ཚོད་གཅིག་གཉིས་རིང་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱིས་སྒོམ་པ་དང་། དེ་ལྟར་བློ་ལ་འགྱུར་བ་ཐེབས་པ་ཞིག་དགོས། དེར་བརྟེན་ཆོས་གྲོགས་ཚང་མས་ལོ་རེ་ནས་ལོ་རེར་སེམས་ལ་འགྱུར་བ་ཐེབས་ཡོད་པ་ཞིག་གནང་ཤོག་ཨང་།
ངོས་ཀྱིས་ཀྱང་ལོ་རེ་ནས་ལོ་རེར་སེམས་ལ་འགྱུར་བ་ཐེབས་པ་ཞིག་བྱེད་བཞིན་ཡོད་ལ་ཡོང་གི་ཡང་འདུག ཁྱོད་རང་ཚོ་ཚང་མས་ཉམས་བཞེས་གནང་རྒྱུ་གལ་ཆེན་པོ་རེད། ཐོས་བསམ་སྒོམ་པ་ཕྱོགས་སུ་མ་ལྷུང་བ་ཞིག་གནང་ཤོག་ཨང་། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལཏེ་ཐེ་ཝན་གྱི་དད་ལྡན་མང་ཚོགས་ཀྱིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཆོས་ཞུ་བ་རྣམས་ལ་དྲ་ལམ་བརྒྱུད་གསུང་ཆོས་གནང་སྒོ་རེ་ཞིག་ལེགས་པར་གྲུབ་ཡོད་པ་བཅས། །