ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ ཉིན་དྲ་རྒྱ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཐེ་ཝན་གྱི་ཆོས་གྲོགས་རྣམས་ལ་དྲང་ངེས་ལེགས་བཤད་སྙིང་པོའི་སྐོར་སྙིང་བསྡུས་ཤིག་ཞུ་རྒྱུར་གྲ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་རྒན་ལགས་དམ་པ་བསྟན་འཛིན་བྱམས་ཆེན་དྲན་བཞིན་པའི་ཐོག་ནས་ཁོང་གིས་མཛད་རྗེས་ལ་རྗེས་སུ་ཡི་རང་ཡོད།
འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཡོད་པ་དེ་དག་ཚང་མའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་པ་གསུང་གི་ཡོད། རྒྱ་གར་ལ་ཆ་བཞག་ན་བཅོམ་ལྡན་འདས་མ་བྱུང་བའི་གོང་སྟེ་ཕལ་ཆེར་ལོ་སྟོང་ཕྲག་གསུམ་ཙམ་ནས་རྒྱ་གར་ནང་སྤྱོད་པ་འཚེ་བ་མི་བྱེད་པ་དང་། དེའི་རྩ་བ་སྙིང་རྗེའི་བློ་ Ahimsa དང་། Karuna ཞེས་པ་འདི་ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་རྒྱ་གར་ནང་དེ་འདྲའི་བསམ་བློ་འཁྱེར་སོ་ཞིག་དར་ཡོད། སངས་རྒྱས་བཅོམ་ལྡན་འདས་ནི་འདི་དག་ཉམས་བཞེས་གནང་མཁན་ཆགས་ཡོད། ཁྱད་པར་ནི་རྒྱ་གར་གྱི་སྤྱོད་པ་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་པ་རྒྱ་སྐྱེད་པར་གྲངས་ཅན་པ་དང་པོའི་གྲས་རེད།
དེ་ནས་གཅེར་བུ་བ་བཅས་རྟོག་གེ་སྡེ་ལྔ་སོགས་མུ་སྟེགས་པའི་གྲུབ་མཐའ་མང་པོ་བྱུང་ཡོད། ལོ་ ༢༥༠༠ གོང་ལ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ལ་ཕེབས་ནས་རྒྱ་གར་གནའ་རབས་ཀྱི་སྤྱོད་པ་འཚེ་བ་མེད་པ་དང་སྙིང་རྗེའི་བློ་རྩ་བར་བཞག་པའི་ཐོག་ནས་ལྟ་གྲུབ་ཀྱི་རྒྱབ་རྟེན་ཞིབ་ཚགས་པོ་གསུངས་པ་རེད། གྲངས་ཅན་ལྷ་མེད་པ་དང་གྲངས་ཅན་ལྷ་བཅས་པ་དེ་ཚོའི་གྲས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཅེས་བཞག་ནས་དེའི་དགོངས་པ་སྒྲུབ་པར་ང་ཚོ་ཚང་མས་བྱམས་བརྩེ་བྱེད་དགོས་པ་དང་། འཚེ་བ་བྱེད་མི་རུང་ཞེས་དེ་ལྟར་འགྲོ་བཞིན་ཡོད། གྲངས་ཅན་ལྷ་མེད་པས་འཇིག་རྟེན་བཀོད་པ་པོ་ལྷ་མེད་པར་འདོད། སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་ཤོད་ཀྱི་མེད། ཚང་མ་རྒྱུ་དང་འབྲས་བུའི་ཐོག་ནས་འགྲོ་བཞིན་པ་གསུང་གི་འདུག
བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་མཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་གསུངས་འདུག ངོས་ཀྱིས་འདི་ལ་གོ་བ་འདི་ལྟར་ལེན་གྱི་ཡོད། ཟབ་པ་དང་ཞི་བ་ཞེས་པ་དེས་བདེན་བཞི་སྟོན་པ་དང་། སྤྲོས་བྲལ་ཞེས་པ་དེས་ཤེར་ཕྱིན་གྱི་མདོའི་དོན་དག་སྙིང་པོ་སྟོང་ཉིད་ཀྱི་ལྟ་བ་སྟོན་གྱི་འདུག་ཅེས་བསམ་གྱི་འདུག འོད་གསལ་འདུས་མ་བྱས་ཞེས་པའི་འོད་གསལ་ནི་ཡུལ་གྱི་འོད་གསལ་འཁོར་ལོ་བར་པའི་སྐབས་བསྟན་ཟིན་པ་རེད། ཡུལ་ཅན་གྱི་འོད་གསལ་དེ་འཁོར་ལོ་མཐའ་མའི་སྐབས་དེ་བཞིན་གཤེགས་པ་སྙིང་པོའི་མདོ་ལྟ་བུའི་ནང་ཁམས་བདེ་གཤེགས་སྙིང་པོ་གསུང་ཡོང་གི་འདུག འདུས་མ་བྱས་ཞེས་པ་དེ་འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་ནང་ནས་འདུས་མ་བྱས་ཀྱི་སྐད་ཆ་དེ་མིན་པར་བློ་བུར་དུ་ལམ་སྒོམ་ནས་གསར་དུ་ཡོང་བ་མིན་པར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་པ་འདི་ཐོག་མ་མེད་པ་ནས་ཡོད་པ་ཞིག་ཡིན་སྟབས། བློ་བུར་དུ་རྒྱུ་རྐྱེན་གྱི་འདུས་བྱས་པ་མིན་པར་འཁོར་ལོ་མཐའ་མ་དེ་སྟོན་གྱི་འདུག་སྙམ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་མཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་རེ་ཞིག་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ལྟ་གྲུབ་སྐོར་བསམ་བློ་གཏོང་སྟངས་མི་འདྲ་བ་ཞིག་ཡོད་པ་དེ་ད་ལྟ་རང་མི་ལ་བཤད་པ་ཡིན་ན་ཕལ་ཆེར་བློ་ལ་འཇུག་གི་མ་རེད། ཅེས་མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ་ཞེས་བཅོམ་ལྡན་འདས་ཀྱིས་ཞག་ ༤༩ ཙམ་རིང་ཆོས་མ་གསུང་པར་བཞུགས་པ་རེད།
འཁོར་ལྔ་སྡེ་བཟང་པོ་དང་བཅོམ་ལྡན་འདས་སངས་མ་རྒྱས་པའི་གོང་ནས་ངོ་ཤེས་པ་རེད། དེ་ནས་འཁོར་ལྔ་སྡེ་བཟང་པོ་གཙོ་བོ་གྱུར་པའི་སྟོན་པ་བཅོམ་ལྡན་འདས་ལ་ཁྱེད་རང་སྒོམ་བརྒྱབ་པ་སོགས་ལ་བརྟེན་ནས་རྟོགས་པ་ཁྱད་པར་ཅན་དེ་འདྲ་ཏན་ཏན་འཁྲུངས་ཡོད་པ་རེད། དེ་གསུང་རོགས་གནང་ཞེས་གསོལ་འདེབས་ཞུས་ཏེ། ཡུལ་ཝ་རཱ་ཎ་སིར་ཐོག་མར་བདེན་བཞི་ཆོས་འཁོར་གསུངས་པ་རེད། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་ནི་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་ལྟ་བུ་དེ་རེད་འདུག
དེ་ཡང་ཆོས་ཞེས་པ་ནི་སྡུག་བསྔལ་སེལ་རྒྱུའི་དོན་དུ་ཡིན་སྟབས། སྡུག་བསྔལ་དེ་བློ་བུར་དུ་བྱུང་བ་ཞིག་མིན། སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བར་བརྟེན་སྡུག་བསྔལ་གྱི་རྒྱུ་དང་རྐྱེན་རྩད་གཅོད་ནས་ཤེས་པར་བྱེད་དགོས། དེ་ནས་ཀུན་འབྱུང་བདེན་པ་ཞེས་པ་དེ་གསུངས། སྡུག་བསྔལ་གྱི་རྒྱུ་རྩད་གཅོད་ནས་ཤེས་པ་ཡིན་ན་ཕན་ཐོགས་གང་ཡོད་ཅེ་ན། སྡུག་བསྔལ་གྱི་རྒྱུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་དང་པོ་མ་རིག་པ་ཞེས་གསུང་གི་འདུག གང་ལྟར་སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་གནང་སྟེ་རྒྱ་གར་གྱི་མཁས་པ་མང་པོས་དེའི་ཐོག་བསམ་བློ་བཏང་ནས་སྐབས་དེར་ཤེས་ཡོན་གྱི་བསྟི་གནས་ལྟ་བུ་གཅིག་ནི་དཔལ་ནཱ་ལེནྡྲ་ཆགས་ཡོད།
དཔལ་ནཱ་ལེནྡྲ་ནས་མཁས་པའི་དབང་པོ་མང་པོས་བཅོམ་ལྡན་འདས་ཀྱི་གསུངས་ལ་ཞིབ་ཚགས་པོས་ཞིབ་འཇུག་བྱེད་ཡོང་དུས་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར། ཞེས་སྡུག་བསྔལ་བདེན་པ་ཞེས་པའི་སྡུག་བསྔལ་དང་། དེའི་རྒྱུ་ཀུན་འབྱུང་རྩད་གཅོད་བྱས་ནས་ཀུན་འབྱུང་ལ་གཉེན་པོ་ཡོད་མེད་དང་ཀུན་འབྱུང་དེ་ཇི་ལྟར་ཡིན་མིན། ཚད་མ་ཡིན་དང་ཚད་མིན་གྱི་བློ་ཡིན་རྩད་གཅོད་བྱེད་ཡོང་དུས་ཀུན་འབྱུང་བདེན་པའི་རྩ་བ་ནི་མ་རིག་པ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་དང་པོ་དེ་མ་རིག་པ་གསུང་གི་འདུག མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སྡུག་བསྔལ་གྱི་འདུ་བྱེད་མཁན་གཙོ་བོ་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་། ཉོན་མོངས་པའི་རྩ་བ་ནི་གཏི་མུག་བདེན་འཛིན། དེ་ལ་གཉེན་པོ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་མཐུ་བོའི་བཞི་བརྒྱ་པའི་ཚིག་འདི་ཡག་པོ་འདུག ཉོན་མོངས་ཞེས་པའི་རྩ་བ་ནི། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །ཞེས་ལུས་དབང་དེ་མིག་དབང་ལ་སོགས་པ་ཐམས་ཅད་ལ་ཁྱབ་པ་ནང་བཞིན་རེད། ཅེས་དང་།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས། ཐེ་ཝན་གྱི་ཆོས་གྲོགས་ཚོར་ཆ་བཞག་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཆགས་ཡོད། རྒྱ་ནག་ལ་ནང་ཆོས་ཐོག་མར་སྤེལ་མཁན་ཐང་སན་བླ་མ་ནཱ་ལེནྡྲར་ཕེབས་ནས་སློབ་གཉེར་གནང་སྟེ་མཐར་རྒྱ་ནག་ཏུ་ཕེབས་ཡུལ་གྱི་མཚོ་ཁར་ངོས་རང་སླེབས་ཤིང་། རྒྱབ་ངོས་རི་སྟེང་དུ་ཀླུ་སྒྲུབ་བཞུགས་མྱོང་བའི་བྲག་ཕུག་ཅིག་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཀླུ་སྒྲུབ་བཞུགས་ཡུལ་གྱི་བྲག་ཕུག་ཆུང་ངུའི་ནང་དུ་ཕྱིན་ནས་ཀླུ་སྒྲུབ་ཀྱི་བཀའ་དྲིན་དྲན་བཞིན་པའི་ངང་ནས་རྩ་བ་ཤེས་རབ་བཏོན་ནས་སྨོན་ལམ་བརྒྱབ་པ་བཅས་བྱས་ཤིང་། སྐབས་དེར་ཁྱད་མཚར་པོ་ཞིག་བྱུང་བ་ལ། ངོས་ནས་མཐོང་མ་བྱུང་ཡང་གཞན་གྱིས་མཐོང་བར། ཀླུ་སྒྲུབ་ཀྱི་བྲག་ཕུག་དེའི་ཐོག་སྟེང་དུ་སྦྲུལ་དཀར་པོ་ཞིག་བསྡད་འདུག་ཅེས་བརྗོད་བྱུང་། དེ་ནི་དཔེ་གསར་ཞིག་ཡིན་པ་དང་། དེ་ལས་ཁྱད་མཚར་བ་ཞིག་ལ། བྲག་ཕུག་ནས་ཐོན་ཏེ་རྒྱ་གར་ཤར་ཕྱོགས་སུ་རྒྱུགས་པའི་གཙང་པོ་ཆེན་པོའི་ཆུ་ལམ་ཐོག་ཐང་སན་བླ་མ་རྒྱ་ནག་ཏུ་ཕེབས་ཡུལ་གྱི་གཙང་པོའི་ཆུ་རགས་ཀྱི་སྟེང་དུ་དུང་དཀར་ཞིག་འདུག དེའི་གཡས་གཡོན་ཉེ་འཁྲིས་སུ་མི་གཅིག་ཀྱང་མི་འདུག མི་ཡོད་ན་ཆོག་མཆན་ཞུ་བ་སོགས་བྱེད་དགོས་སྙམ་བྱུང་། དེ་མིན་མ་བྱིན་ལེན་པའི་ཐོག་ཏུ་འགྲོ་སྲིད་པ་ཡིན། མི་གཅིག་ཀྱང་མི་འདུག་པས། དེ་ནི་རྟེན་འབྲེལ་ཞིག་རེད་སྙམ་པ་ཞིག་བྱུང་། དུང་དཀར་དེར་སྨོན་ལམ་ཞིག་བརྒྱབ་ནས་ཨམ་ཕྲག་ཏུ་བླུགས་ནས་ཡོང་བ་ཡིན། ཆོས་གྲོགས་རྣམ་པར་དུང་དཀར་དེ་སྟོན་འདོད་བྱུང་། དུང་དཀར་འདི་རེད། སྐབས་དེར་ངོས་ནས་རྟེན་འབྲེལ་ཞིག་ལ་བརྩིས་པ་ཡིན།
ངོས་རང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་སློབ་གཉེར་བྱས་ཤིང་། ཆུང་ངུའི་སྐབས་ནས་དབུ་མ་འཇུག་པ་བློ་འཛིན་དང་། དེང་སྐབས་སུའང་འཇུག་པ་རང་འགྲེལ་ངོས་ཀྱི་ལྕོག་ཙེའི་ཐོག་རྟག་ཏུ་འཇོག་མུས་ཐོག་དུས་ནས་དུས་སུ་ཀློག་བཞིན་ཡོད། དེར་བརྟེན་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཞིག་དང་། དེའི་ནང་ཚན་ནས་དཔལ་ལྡན་ཟླ་བ་གྲགས་པའི་རྗེས་འབྲང་ཞིག་ལ་ངོས་རང་གིས་ངོས་འཛིན་བྱེད་བཞིན་ཡོད་ལ། རྗེས་འབྲང་ཙམ་ཞིག་མིན་པར་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཐེངས་མང་གཏོང་བཞིན་ཡོད། དེས་ན་དུང་དཀར་འདི་སྐབས་དེར་རྟེན་འབྲེལ་ཞིག་ལ་བརྩིས་པ་ཡིན། ཞེས་དང་།
གཞན་ཡང་། དེང་སང་ངོས་ལ་བསམ་བློ་གསར་པ་ཞིག་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུ་ཞིག་རྒྱ་ནག་ཏུ་འཚོགས་ཐུབ་ན་ངོས་ལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མིང་ཞིག་ཡོད་སྟབས་ངོས་ཀྱང་དེར་སླེབས་ཐུབ་ཀྱི་རེད། ཆབ་སྲིད་ཀྱི་སྐད་ཆ་ཁྱོན་མེད། ཆབ་སྲིད་ཐོག་ནས་ཆ་བཞག་ནའང་ངོས་ཀྱིས་རང་བཙན་ཁྱོན་ནས་རྩོད་ཀྱི་མེད། བོད་རིགས་ནང་ཁུལ་ནས་ངོས་ཀྱིས་རང་བཙན་རྩོད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཡོང་གི་འདུག ངོས་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྤྱི་མཐུན་ལ་དགའ་བོ་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྤྱི་མཐུན་གྱི་ནང་དུ་གྲངས་ཉུང་མི་རིགས་བོད་རིགས་དང་སོག་པོ། མན་ཇུ། དེ་བཞིན་ཤིན་ཅང་ལྟ་བུ་རེད། ང་ཚོས་གུ་ཡངས་པོ་བསམ་བློ་བཏང་ནས་སྤྱི་མཐུན་རྒྱལ་ཁབ་ཡག་པོ་ཞིག་ཡོང་བའི་བསམ་བློ་བཏང་བ་ཡིན་ན་གུ་དོག་པོ་བྱེད་དགོས་དོན་མི་འདུག དེར་བརྟེན་ཁྱོད་རང་ཚོ་བསྟན་འཛིན་བྱམས་ཆེན་གྱི་ཆོས་གྲོགས་ཚོས་ཀྱང་དེ་ལྟ་བུའི་ཐོག་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་པའི་གོ་སྐབས་ཡོད། འདི་ཁྱེད་རང་ཚོས་སེམས་ལ་ཞོག
བར་སྐབས་ནས་ཐེ་ཝན་དང་སྐམ་ས་ཆེན་མོའི་ནང་ཕར་ཚུར་འབྲེལ་བ་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཁྱོད་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཐའེ་ཝན་གཅིག་པུའི་ཐོག་བསམ་བློ་བཏང་ནས་མ་བསྡད་པར་རྒྱ་མི་རིགས་གཅིག་གྱུར་དང་། རིག་གཞུང་གི་ཐོག་ནས་ཆ་བཞག་ནའང་རྒྱ་ནག་གི་རིག་གཞུང་ཆགས་ཡོད། དེ་འདྲའི་ཐོག་ནས་སྐམ་ས་ཆེན་པོའི་ནང་དཔལ་འབྱོར་གཅིག་པུ་མ་ཡིན་པར་འབྲེལ་བ་ཤུགས་ཆེ་ཙམ་བྱེད་ཐུབ་དགོས་མཁྱེན་སོང་ངམ། རྒྱ་ནག་གི་རིག་གཞུང་ཆ་ཚང་བ་ཞིག་ཐེ་ཝན་ལ་ཡོད། རྒྱ་ནག་སྐམ་ས་ཆེན་པོ་ལ་རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་སྐབས་སུ་ཉམས་ཆག་ཧ་ཅང་ཆེན་པོ་ཕྱིན་ཟིན་པ་རེད། དེར་བརྟེན་ཐེ་ཝན་གྱིལ་ཡོད་པའི་་གྲོགས་པོ་ཚོས་རྒྱ་ནག་གི་རིག་གཞུང་བསྐྱར་གསོ་བྱེད་རྒྱུ་དང་།
རྒྱ་ནག་ནང་དུ་ནང་པ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་དེ་དང་འབྲེལ་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་སྐོར་ལའང་ཕན་ཐོགས་བྱེད་ཐུབ་ཀྱི་རེད།རྒྱ་ནག་སྤྱི་ཚོགས་རིང་ལུགས་ཡིན་ཟེར་གྱི་ཡོད་པ་རེད།ངོས་རང་དེ་ལ་དགའ་བོ་ཡོད།སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་ཡོང་བར་གཞན་ཕན་གྱི་བློ་དགོས།གཞན་ཕན་གྱི་བློ་ཡོད་ན་སྤྱི་ཚོགས་རིང་ལུགས་ཡང་དག་པ་ཡོང་གི་རེད།རང་གཅེས་འཛིན་ཁོ་ནར་བསམ་བློ་བཏང་ནས་བསྡད་པ་ཡིན་ན་སྤྱི་ཚོགས་རིང་ལུགས་ཡོང་ཐབས་མེད། སྤྱོད་མཇུག་ནང་། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་འདི་རིག་པ་དང་ལྡན་པ། ཉམས་མྱོང་ཐོག་ནས་བཤད་ནས་ཁ་ཡོད་ལག་ཡོད་ཀྱི་སེམས་ནང་ཞི་བདེ་སླེབ་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །