ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་སྤུ་རུ་ཝ་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ཐུགས་གཏན་འཁེལ་བ་ལྟར། ས་སྐྱ་གཞིས་ཆགས་སྤུ་རུ་ཝ་ལ་ས་གནས་བཀའ་དྲིན་རྗེས་དྲན་གྱི་ལས་འཆར་གོ་སྒྲིག་ཚོགས་མི་རྣམས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་བཀྲིན་རྗེས་དྲན་གྱི་ལས་འཆར་སྤེལ་ཕྱོགས་ཐད་ཇི་དགེ་གོ་བསྡུར་ཞུས་པས་ལས་འཆར་དང་པོ་ཇི་སྤེལ་ཐད་གྲོས་འཆམ་བྱུང་དོན་དུ། གཞིས་མི་མང་ཚོགས་ནས་བཀྲིན་རྗེས་དྲན་གྱི་ལོ་ནང་༸གོང་ས་མཆོག་གི་སྐུ་ཕྱྭ་དང་རླབས་ཆེན་གྱི་མཛད་འཕྲིན་ཁག་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་ཡོངས་སུ་རྒྱས་ཐབས་སུ་གཞིས་མི་མང་ཚོགས་ནས་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་ཞུ་རྒྱུ་ངེས་གཏན་འཁེལ་བ་ལྟར། བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༨ ཚེས་ ༡༥ ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞིས་གྲོང་ནང་མི་མང་ཞལ་འདོན་ཁང་གཞན་ཕན་འཕྲིན་ལས་གླིང་ནང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་འཆར་ཐོག་མ་དེ་འགོ་འཛུགས་གནང་ཡོད།
སྒྲོལ་འདོན་ཕྱག་དཔེ་ལྗགས་ཀློག་གནང་ཐུབ་མཁན་མི་གྲངས་ ༨༠ ཡོད་པ་དང་། སྒྲོལ་འདོན་ཐོག་ཕེབས་མི་ཚང་མས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཁ་རས་གྱོན་ཞིང། མི་དང་མིའི་དབར་ཕི་ཊི་གསུམ་རེ་བར་ཐག་བཞག་ཡོད།
སྐབས་དེར་ཐོག་མར་ས་གནས་འགོ་འཛིན་དང་། འགན་འཛིན་དྲུང་ཆེ། ས་འཐུས་ཚོགས་གཙོ་བཅས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོའི་༸སྐུ་མདུན་དུ་མར་མེ་ཞལ་ཕྱེ་ཞུས་རྗེས་ཚང་མས་རིམ་བཞིན་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཡོད། སྒྲོལ་འདོན་ཚུགས་དུས་སྔ་དྲོ་ཚོུད་ ༩ ནས་ ༡༢ བར་དང་། ཉིན་རྒྱབ་ཚོུད་ ༢ ནས་ ༥ བར་ཚུགས་ཡོད། སྒྲོལ་འདོན་དུ་མཉམ་ཞུགས་མ་ཐུབ་པ་རྣམས་ནས་རང་ཁྱིམ་དུ་སྒྲོལ་མ་རྒྱས་བསྡུས་གང་རུང་དང་། སྒྲོལ་འདོན་མི་ཤེས་མཁན་རྣམས་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་གསོག་འདོན་ཞུས་ཏེ་ཟླ་རེའི་མཚམས་སུ་སྒྲུབ་ཐོ་བསྡུ་ལེན་གནང་གི་ཡོད།
ཕྱི་ཚེས་ ༢༩ ཉིན་གོ་སྒྲིག་ཚོགས་ཆུང་ནས་གཞིས་གྲོང་ནང་ཐེམ་རིམ་དུ་ཆེད་བཅར་གྱིས་ཞལ་འདེབས་བསྡུ་རུབ་ཞུས་པ་རྣམས་སྒྲོལ་འདོན་སྐབས་མི་མང་ལ་གསོལ་ཇ་དང་བཞེས་བག་འབུལ་རྒྱུ་སོགས་ཀྱི་སླད་འགྲོ་གྲོན་གཏོང་རྒྱུ་ཡིན།
གོང་གི་སྒྲོལ་མ་འབུམ་འདོན་ལས་རིམ་འདི་བཞིན་ད་ནས་བཟུང་བཀྲིན་རྗེས་དྲན་གྱི་ལོ་མ་ཡོལ་བར་བོད་ཟླ་རིམ་ཤར་གྱི་བོད་ཚེས་ ༡༥ ནམ་ཡིན་ལ་སྒྲོལ་མ་རྒྱས་པ་ཆད་མེད་གསོག་འདོན་ཞུ་རྒྱུ་ཡིན་པ་བཅས། །