ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ཉིན་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༡ འཁོར་བའི་ཉིན་མོ་དང་བསྟུན། ཤར་དབུས་ཡུ་རོབ་ཀྱི་གྲོང་ཁྱེར་ཆེ་ཁག་དྲུག་གི་ནང་བོད་པ་དང་། ཡུ་གུར་མི་རིགས། ལྷོ་སོག་པོ། ཧོང་ཀོང་བ། མང་གཙོ་དོན་གཉེར་བ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་རྒྱལ་སྤྱིའི་ལས་འགུལ་ཉིན་མོར་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད།
དེ་ཡང་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། སུད་བོད་མཛའ་འབྲེལ་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། ས་གནས་བུད་མེད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ངོ་རྒོལ་བ་མི་གྲངས་ ༢༠༠ ལྷག་ཛུ་རིག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཐོག་ངོ་རྒོལ་གནང་ཡོད། སྐབས་དེར་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཊོན་ནེ་ Tony Ryf ལགས་དང་། ཡུ་རོབ་དང་ལྷོ་ཨ་ཕི་རི་ཀ་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
འཇར་མན་ནིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཚོགས་པ་ ༡༡ གི་གོ་སྒྲིག་འོག་འཇར་མན་ནིའི་གྲོང་ཁྱེར་བྷར་ལིན་དུ་མི་གྲངས་ ༢༠༠ ལྷག་ལྷན་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གནང་ཡོད། སྐབས་དེར་འཇར་མན་གྱི་གྲོས་ཚོགས་འཐུས་མི་ཇེན་སེན་ Gyde Jensen མཆོག་དང་། མ་ཡི་ཀལ་བྷི་རན་ཌི་ Michael Brand མཆོག པེ་ཊར་ Peter Heidt མཆོག དེ་བཞིན་གྲོང་ཁྱེར་མུ་ནི་ཁི་ཁུལ་གྱི་བོད་མི་ཚོ་ཡང་མཉམ་ཞུགས་གནང་ཡོད།
ཨི་ཊ་ལིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་མི་ལན་གྲོང་ཁྱེར་ནང་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༥༠ ལྷག་འདུ་འཛོམས་ཐོག་ངོ་རྒོལ་གནང་ཡོད་པ་མ་ཟད། ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་བགྲོ་གླེང་ཡང་གནང་ཡོད།
ཨོ་སི་ཊི་རི་ཡའི་རྒྱལ་ས་ཝེ་ནའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཨོ་སི་ཊི་རི་ཡ་བོད་རིགས་ ༥༠ ལྷག་འཛོམས་ཏེ་རྐང་འཁོར་ལ་བཞོན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཝེ་ན་གྲོང་ཁྱེར་ཡོངས་ལ་སྐོར་སྐྱོད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་བོད་མི་ཚོ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་ལས་འགུལ་ཉིན་མོར་མཉམ་ཞུགས་གང་མང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།