ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་རིག་གཞུང་བསྟི་གནས་ཁང་ The Indian International Center དང་། ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་ the Foundation for Universal Responsibility གཉིས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་སྙིང་རྗེ་དང་འཚེ་མེད་ཞི་བ་དང་འབྲེལ་བའི་རྒྱ་གར་གྱི་རིག་གཞུང་རྒྱུན་འཛིན་བྱེད་ཕྱོགས་སྐོར་བཀའ་སློབ་སྩལ་དོན།
དྲ་ལམ་བརྒྱུད་རྒྱ་གར་གྱི་གྲོགས་པོ་རྙིང་པ་ཚོ་དང་ལྷན་སྐད་ཆ་བཤད་རྒྱུ་བྱུང་བས་ངོས་རང་དངོས་གནས་དྲང་གནས་ཧ་ཅང་དགའ་པོ་བྱུང་། དོན་དངོས་སུ་འདས་པའི་ལོ་ངོ་ ༦༡ རིང་རྒྱ་གར་ནི་ངོས་རང་གི་ནང་ལྟ་བུ་ཞིག་ཆགས་ཡོད། རྒྱ་གར་གྱི་སྲིད་བློན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་གྱི་རེད་ཅེས་གསུངས་ཡོད། དེ་ནི་བདེན་པ་རེད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། དེ་ནི་ཧ་ཅང་ཚན་རིག་དང་མཐུན་པ་ཞིག་རེད། རིམ་པས་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་གིས་སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་སུ་བཏང་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་རིགས་པས་དཔྱད་པ་བྱེད་རྒྱུ་གཙོ་བོ་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཡིན་ནའང་རིགས་པས་དཔྱད་པ་བཏང་ནས་ཡོང་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས། འདི་སངས་རྒྱས་ཀྱི་བཀའ་ཡིན་པས་བདེན་པ་ཡིན་ཤག་རེད་ཅེས་ནམ་ཡང་ཤོད་ཀྱི་མེད། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་བདེན་པ་ཡིན་ཤག་མ་བརྩིས་བར་དུས་རྟག་ཏུ་དྲི་བ་འདོན་གྱི་ཡོད།
རིམ་པས་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ནས་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་བཞི་བྱུང་ཡོད་དེ། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་བཅས་རེད། ང་ཚོ་བོད་པ་ཡིན་ཞིང་། གདོང་དབྱིབས་ཀྱི་ཆ་ནས་རྒྱ་གར་བ་དང་མ་འདྲ་བ་ཡོད་ནའང་། བསམ་བློ་གཏོང་སྟངས་ཀྱི་ཆ་ནས་ང་ཚོ་རྒྱ་གར་བ་ཡིན། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་ཁྲུང་ས་བསྐྱོན་ཡོད་པ་མ་ཟད། རྒྱ་ནག་ཐང་རྒྱལ་པོ་དང་འབྲེལ་བ་གཏིང་ཟབ་བྱུང་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡིག་དེ་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་ཏེ་བོད་ཡིག་གསར་བཟོ་དང་། རྒྱ་གར་གྱི་ཡི་གེ་ Devanagari ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ལྡན་པའི་བོད་པའི་ཡི་གེ་གསར་གཏོད་གནང་བ་རེད། ཡིག་གཟུགས་དབྱངས་དང་གསལ་བྱེད་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་པ་རེད་མ་གཏོགས། རྩ་བ་ང་ཚོ་བོད་པའི་སྐད་ཐོག་ནས་བཟོས་པ་རེད།
དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་ནག་གི་ནང་པ་ཚོ་དང་འབྲེལ་བ་གཏིང་ཟབ་གནང་ཡོད་ཀྱང་། ཁོང་གིས་ནང་ཆོས་དེ་ཐད་ཀར་རྒྱ་གར་གྱི་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ནས་བོད་ལ་ནང་འདྲེན་གནང་དགོས་པའི་སྐོར་གསུངས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་ཡོད། མཁན་ཆེན་ཞི་བ་འཚོ་ལྷ་སར་འབྱོར་སྐབས་ཁོང་གིས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག དེར་བརྟེན་ཁྱེད་རང་ཚོས་ལེགས་སྦྱར་དང་རྒྱ་གར་གྱི་སྐད་དེ་འདྲ་བསླབ་དགོས་པ་མ་རེད། ཁྱེད་རང་ཚོར་ཡི་གེ་ཡོད་པར་བརྟེན་ལེགས་སྦྱར་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ཏུ་གང་ཐུབ་བསྒྱུར་དགོས་པ་རེད་ཅེས་བཀའ་སློབ་གནང་འདུག
མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་ཀྱང་བོད་ཡིག་སློབ་རྒྱུར་འབད་བརྩོན་གནང་བ་རེད། ཅེས་མཁས་པ་ཁག་གཅིག་གིས་ངོས་ལ་གསུངས་མྱོང་ཡོད། མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མ་རིག་པ་དང་ལྟ་གྲུབ་སོགས་དུས་ད་ལྟ་ཡིན་ནའང་ང་ཚོས་སྦྱོང་བཞིན་ཡོད། བོད་པ་ཚོས་པཱ་ལི་དང་ལྷག་པར་ལེགས་སྦྱར་གྱི་གཞུང་ནས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་བོད་སྐད་དུ་བསྒྱུར་ཡོད། ངོས་རང་ཚུད་པའི་བོད་པ་ཚོས་ཆུང་ཆུང་སྐབས་ནས་གཞུང་ཆེན་དེ་དག་གི་རྩ་བ་བློ་འཛིན་བྱེད་ཀྱི་ཡོད།
ངོས་རང་ལ་མཚོན་ནའང་ལོ་དྲུག་བདུན་ཡིན་པའི་སྐབས་ནས་གཞུང་ཆེན་དེ་དག་གི་རྩ་བ་བློ་འཛིན་བྱས་ཡོད། ང་ཚོ་བོད་པ་ཚོའི་ཀླད་པའི་ནང་རྒྱ་གར་གྱི་ནཱ་ལེནྡྲའི་ལེགས་བཤད་དེ་དག་བླུགས་ཡོད་པ་དང་། དེ་རིང་ཁ་སང་ངོས་ཀྱིས། ངོས་ཀྱི་གཟུགས་པོ་འདི་རྒྱ་གར་གྱི་སྲན་མ་ Dal དང་། བག་ལེབ། Chapati འབྲས་བཅས་ལ་བརྟེན་ནས་འཚོ་བཞིན་ཡོད། དེར་བརྟེན་ལུས་སེམས་ཀྱི་ཆ་ནས་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་རྗོད་ཀྱི་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་ངོས་རང་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་མགྲོན་པོ་ཞིག་ཆགས་ཡོད་ཅེས་རྗོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་བསྩལ་ཡོད།
ཐེངས་འདིའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཐོག་གི་བཀའ་སློབ་མཛད་རིམ་དེ་བཞིན་རྒྱ་གར་རྒྱལ་སྤྱིའི་རིག་གཞུང་བསྟི་གནས་ཁང་དང་ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་གཉིས་ཀྱིས་གོ་སྒྲིག་ཞུས་ཡོད་པ་བཅས།།