ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༥ འཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཞབས་སྟེགས་བཞིའི་ཆེད་དུ་འོས་ཤོག་བླུགས་ཡོད་པའི་ཁྲིད་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་ཆེས་ཤུགས་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་བཞི་བདམས་ཐོན་བྱུང་འདུག
དེ་ཡང་རྒྱ་ནག་ལ་འོས་གྲངས་ ༡༣༩ དང་། པ་ཀི་སི་ཐན་ལ་འོས་གྲངས་ ༡༦༩། ཨུ་ཛི་བྷེ་ཀི་སི་ཐན་ལ་འོས་གྲངས་ ༡༦༤། བལ་ཡུལ་ལ་འོས་གྲངས་ ༡༥༠། སའོ་དི་ཨ་ར་བྷི་ཡ་ལ་འོས་གྲངས་ ༩༠ ཐོབ་ཡོད་པ་དང་། སའོ་དི་ཨ་ར་བྷི་ཡ་མ་གཏོགས་རྒྱལ་ཁབ་ལྷག་མ་བཞི་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་བདམས་ཐོན་བྱུང་ཡོད།
རྒྱ་ནག་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཕྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་དང་། ཕྱི་ལོ་ ༢༠༡༠ ནས་༢༠༡༢ བར། ༢༠༡༤ ནས་ ༢༠༡༦ བར། ༢༠༡༧ ནས་ ༢༠༡༩ བར་བཅས་ལ་བདམས་ཐོན་བྱུང་ཡོད། འདི་ལོར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གྲངས་ ༡༩༡ ནས་འོས་ཤོག་བླུགས་པའི་ཁྲོད་ནས། རྒྱལ་ཁབ་གྲངས་ ༡༣༩ ནས་རྒྱ་ནག་ལ་འོས་ཤོག་བླུགས་ཡོད་པ་དང་། རྒྱལ་ཁབ་གྲངས་ ༥༠ ནས་རྒྱ་ནག་ལ་འོས་ཤོགས་བླུགས་མེད། ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་འོས་ཤོག་བླུགས་ཏེ་འོས་ཤོག་གྲངས་ ༡༨༠ ཐོབ་ཡོད་པ་དང་། དེ་ནི་རྒྱ་ནག་ལ་མཚོན་ན་འོས་ཤོག་གྲངས་མང་ཤོས་ཆགས་ཡོད། ཕྱི་ལོ་ ༢༠༡༦ ལོ་དང་བསྡུར་ན་འདི་ལོར་རྒྱ་ནག་ལ་འོས་ཤོག་བླུགས་མཁན་ཉུང་དུ་ཕྱིན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་བདམས་ཐོན་བྱུང་བའི་སྐོར་གསུང་དོན། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག་པོ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་དཔང་རྟགས་གང་མང་སྟོན་རྒྱུ་ཡོད་ནའང་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་བདམས་ཡོད།
རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད། འཛམ་གླིང་གི་རྒྱལ་ཁབ་གང་མང་མཉམ་རུབ་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་གནང་རོགས་ཞེས་གསུངས།
སྤྱིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཚོགས་མི་རྒྱལ་ཁབ་གྲངས་ ༤༧ ཡོད་པ་དང་། ཚོགས་མིའི་དུས་ཡུན་ལོ་གསུམ་ཡིན། །