ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་དུས་ཆེན་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུ་བཞུགས་ཐོག་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཆེ་རིང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་སྲིད་ཚབ་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་སྦྲགས། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར།
སྐབས་དེར་སྲིད་ཚབ་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསུང་དོན། དེ་རིང་ནི་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་ངྷི་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་ ༡༥༡ འཁོར་བའི་ཉིན་མོ་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་ཡིན་སྟབས། ངས་བོད་མི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་དང་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། མེས་པོ་དམ་པ་གཱན་ངྷི་མཆོག་ལ་གུས་འདུད་དང་ཆེ་བསྟོད་ཞུ་ཡི་ཡོད།
འཛམ་གླིང་འདིའི་སྟེང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གིས་འཚེ་བ་མེད་པའི་ལྟ་གྲུབ་དང་བདེན་པའི་འཐབ་རྩོད་བཅས་ཀྱི་ཐོག་ཁྱད་དུ་འཕགས་པའི་བསླབ་བྱ་བཟང་པོ་ཞིག་བསྐྲུན་ཏེ་ད་ཆ་འཛམ་གླིང་ས་ཕྱོགས་གང་སར་ཕན་ཐོགས་ཆེན་པོ་ཡོང་དང་ཡོང་བཞིན་ཡོད། ང་ཚོ་བོད་མིར་མཚོན་ན་ཁོང་གི་བསླབ་བྱར་གང་ཡོང་ཅི་ཡོང་ལག་ལེན་གནང་དང་གནང་མུས་ཡིན། དེ་རིང་དམ་པ་ཁོང་གི་འཁྲུངས་སྐར་ཞུ་སྟངས་ནི། ཁོང་གི་བསླབ་བྱ་བཟང་པོ་དང་སྐུ་ཚེ་ལོ་རྒྱུས་ལ་ང་ཚོས་མིག་དཔེ་ལེན་དགོས། སླར་ཡང་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་སྲིད་ཚབ་མཆོག་གིས་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་སྐུ་པར་མདུན་དུ་སྣང་གསལ་ཞལ་ཕྱེ་དང་མཇལ་དར་ཕུལ། དེ་ནས་བཀའ་ཤག་གི་མཇལ་འཕྲད་ཁང་དུ་མངར་ཟས་དང་གསོལ་ཇ་འདེགས་འབུལ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །