ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ལས་འགུལ་དོན་སྨིན་ལྡན་པ་ཞིག་ཇི་ལྟར་སྤེལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་ནས་བགྲོ་གླེང་ཚོགས་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་ Mikulas Peksa མཆོག་གིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད།
བགྲོ་གླེང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཁེ་ཊ་ལོ་ནི་ཡ་ Catalonia ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཁར་ལེ་སི་ Carles Puidgdemont མཆོག་གི་ལས་རོགས་སྐུ་ཞབས་ཨེ་ལེག་སི་ཁེ་མར་གོ་ Aleix Sarri Camargo ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕན་ཚོགས་ལགས་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་མཆོག་གིས། བགྲོ་གླེང་གནང་མཁན་ཡོངས་ལ་ཐེངས་འདིའི་བགྲོ་གླེང་སྐོར་ངོ་སྤྲོད་གནང་རྗེས་ཡུ་རོབ་གྲོས་ཚོགས་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གི་སྐོར་ལས་འགུལ་དོན་སྨིན་ལྡན་པ་ཞིག་སྤེལ་ཡོད་པ་སོགས་ཀྱི་སྐོར་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་མཆོག་གིས་དྲ་ཐོག་ནས་བགྲོ་གླེང་བསྐོང་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསུང་དོན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཐ་སྙད་ལའང་བསྒྱུར་བ་གཏོང་བཞིན་ཡོད་པ་མ་ཟད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་གྲོས་གཞི་གཉིས་བཏོན་ཏེ་དབུལ་ཕོངས་ངལ་སེལ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དཔེར་ན་འགྲོ་འདུག་རང་དབང་དང་འདུ་འཛོམས་རང་དབང་སོགས་ལས་ཀྱང་གལ་ཆེ་བ་ཡིན་པའི་སྐོར་བརྗོད་ཡོད།
བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་སྙན་ཐོ་བཏོན་ཡོད་པ་སོགས་ཀྱི་སྐོར་གསུངས།
སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དྲ་ཐོག་ནས་བགྲོ་གླེང་གང་མང་འཚོགས་དགོས་པའི་འབོད་སྐུལ་ཞུས་པ་དང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཡུ་རོབ་ཡུལ་གྲུ་ཁག་གི་ནང་རང་དབང་གི་སྒོ་ནས་ཡོང་ཆོག་པ་ནང་བཞིན་རྒྱ་ནག་གཞུང་གིས་ཡུ་རོབ་ཡུལ་གྲུ་ཁག་གི་མི་རྣམས་ཀྱང་བོད་དང་ཤར་ཏུར་ཀི་སི་ཐན་ནང་རང་དབང་གི་སྒོ་ནས་ཕེབས་འཇུག་དགོས།
དེ་བཞིན་ཉེ་ཆར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ Wang Yi ཡུ་རོབ་ཡུལ་གྲུ་ཁག་གི་ནང་སླེབས་ཡོད་པ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་འགན་འཛིན་ཆར་ལེ་སི་མ་ཡི་ཀེལ་ Charles Michel མཆོག་ཀྱང་བོད་ནང་གཟིགས་སྐོར་དུ་ཕེབས་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་མཆོག་གིས། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་དང་། གནད་དོན་དེའི་སྐོར་ཡུ་རོབ་གྲོས་ཚོགས་ནང་གླེང་སློང་ངེས་པར་དུ་གནང་དགོས་ཞེས་གསུངས། །