ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༥ འཚོགས་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་རིག་གཞུང་རྩ་གཏོར་གཏོང་བཞིན་པ་དང་། ངལ་རྩོལ་བསྒྱུར་བཀོད་ཁང་བསྐྲུན་པ། སོ་ལྟའི་པར་ཆས་བཙུགས་པ་བཅས་ཀྱི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་ཟུར་དུ་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་དང་། དྲ་ཐོག་གི་བགྲོ་གླེང་གཏམ་བཤད་གནང་མཁན་རྣམས་ནི། བོད་དོན་ལས་འགུལ་བསྟི་གནས་ཁང་Tibet Action Institute གི་ངེས་སྟོན་པ་ལྷ་སྒྲོན་ལགས་དང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ World Uyghur Congress ཀྱི་འགན་འཛིན་སྒྲོལ་ཀུན་ཨི་སཱ་ Dolkun Isa ལགས། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་ Southern Mongolian Human Rights Information Centre གི་འགན་འཛིན་ཨན་གྷེ་བྷ་ཊོ་ Enghebatu Togochog ལགས། རྒྱ་ནག་མི་དམངས་སྟོབས་ཤུགས་ཚོགས་པའི་ the Citizen Power Initiatives for China འགན་འཛིན་ཡང་ཅེན་ལི་ Dr Yang Jianli ལགས་བཅས་ཡིན་ཞིང་། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་།
བགྲོ་གླེང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ལས་ཁང་གི་ངོ་དེབ་བརྒྱུད་ཐད་གཏོང་གནང་ཡོད། དེ་ཡང་ཐོག་མར་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། བགྲོ་གླེང་འགོ་འཛུགས་གནང་སྟེ་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཁག་གི་ངོ་བོ་རྩ་བརླག་ཏུ་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས་རྗེས། ལྷ་སྒྲོན་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དང་སོ་ལྟའི་པར་ཆས་བཙུགས་ཏེ་བོད་མིའི་འགྲོ་འདུག་གི་རང་དབང་ལ་རྦད་དེ་དམ་བསྒྲགས་བྱེད་བཞིན་པ་སོགས་ཀྱི་སྐོར་དང་། གཞན་ཡང་རྒྱ་ནག་གཞུང་གིས་ད་ལྟ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་རྩོད་བཞིན་ཡོད་པ་མ་ཟད། གཞིས་ལུས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།
རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་འགན་འཛིན་སྒྲོལ་ཀུན་ཨི་སཱ་ Dolkun Isa ལགས་ཀྱིས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ངལ་རྩོལ་བསྒྱུར་བཀོད་ཁང་ཆེས་ཆེ་ཤོས་དེ་ཤར་ཏུར་ཀི་སི་ཐན་ནང་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་བུད་མེད་ཚོར་ཕྲུ་གུ་སྐྱེ་འགོག་དང་། ཡུ་གུར་མི་རིགས་ཀྱི་ངོ་བོ་རྩ་གཏོར་གཏོང་བ། དེ་བཞིན་ལྷ་ཁང་གཏོར་བཤིག་དང་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད། ཅེས་དང་།
གཞན་ཡང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ས་ཡ་བདུན་དང་ཁྲི་བརྒྱད་ཙམ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད། ཅེས་གསུང་། ཨ་རིའི་གཞུང་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་མེད་པས། འཛམ་གླིང་མི་མང་གིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས།
ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ཨན་གྷེ་བྷ་ཊོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ལྷོ་སོག་ནང་སྐད་ཡིག་གཉིས་ལྡན་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཏེ་སློབ་གྲྭ་ཁག་ཏུ་སོག་ཡིག་སྦྱོང་མཁན་བརྒྱ་ཆ་ ༨༠ ནས་ ༢༠ ལ་སླེབས་ཡོད་པ་དང་། རིམ་པས་ལྷོ་སོག་གི་རིག་གཞུང་དང་སྐད་ཡིག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁར་སླེབས་ཡོད། ཅེས་གསུངས།
རྒྱ་ནག་མི་དམངས་སྟོབས་ཤུགས་ཚོགས་པའི་འགན་འཛིན་ཡང་ཅེན་ལི་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ཆོས་ལུགས་རྣམས་ཀྲུང་ཀོ་ཅན་ལ་སྒྱུར་བཞིན་ཡོད། ཅེས་དང་། འཛམ་གླིང་གི་མང་གཙོ་རྒྱལ་ཁབ་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་ཕྱིན་པ་དེ་རྒྱ་ནག་གཞུང་ལ་འགན་འཁུར་ཡོད་པ་བྱེད་འཇུག་དགོས་ཞེས་སོགས་ཀྱི་སྐོར་གསུངས།།