ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ནས་ ༢༨ བར་གྱི་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཐེངས་ ༡༣ དྲྭ་ཐོག་བརྒྱུད་བསྐོང་ཚོགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཚོགས་འདུ་དབུ་འཛུགས་དང་སྦྲགས་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས་ཚོགས་འདུའི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལས་ཤག་ནས་དྲྭ་ཐོག་བརྒྱུད་ཚོགས་འདུར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བའི་སྙིང་པོར། ཉེ་ལམ་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རི་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་སྐབས་བོད་དོན་དང་འབྲེལ་བའི་དམིགས་བསལ་འབུར་དུ་ཐོན་པའི་ལས་དོན་གྲུབ་འབྲས་ཇི་བྱུང་སྐོར་དང་། བཙན་བྱོལ་བོད་མིའི་གྲངས་མཛོད་ཀྱི་ལས་དོན་གལ་གནད། རྒྱ་ནག་ཝུ་ཧན་ནས་བརྡོལ་བའི་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་སྔོན་འགོག་ཐབས་ལམ་ཇི་ཡོད་དང་མ་འོངས་གདོང་ལེན་གནང་ཕྱོགས། རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མི་ཉམ་ཐག་རྣམས་ལ་དམིགས་བསལ་ལྟ་སྐྱོང་དགོས་པ་བཅས་ཀྱི་ཐོག་གསུང་བཤད་ཟབ་མོ་གནང་ཡོད།
དེའི་རྗེས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་གནང་བའི་སྤྱི་མི་དང་བརྒྱ་དཔོན་རྣམ་པས་ལས་དོན་འགན་ཁུར་ཞུ་ཕྱོགས་དང་། བཙན་བྱོལ་བོད་མིའི་མི་འབོར་གྲངས་མཛོད། གྲངས་ཐོ་བསྡུ་འབུལ་དང་གསོག་འཇོག ཉེན་སྲུང་། སྙན་ཐོ་མཁོ་སྤྲོད་བྱེད་ཕྱོགས། གཞན་ཡང་གཞིས་གསར་ལས་གཞི་དང་། གཞིས་ཆགས་ཁག་གཅིག་ཏུ་ས་ཁང་སྟོང་ལྷག་ཡོད་པ་དེ་དག་གཞིས་ཁང་བདེ་སྡུག་ཞུ་མཁན་བྱུང་ཚེ་དུད་ཚང་སོ་སོའི་མི་འབོར་ལ་གཞིགས་པའི་གཞིས་ཁང་དང་ཉམས་གསོའི་དངུལ་འབོར་འོས་མཚམས་ཤིག་བོད་མིའི་སྒྲིག་འཛུགས་ནས་དགོངས་བཞེས་གནང་ཕྱོགས་བཅས་ཀྱི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་ཁག་གི་ནང་དོན་ཁག་འགྲེལ་བཤད་དང་། མ་འོངས་ས་གནས་སོ་སོའི་ནང་ལག་བསྟར་དོན་སྨིན་ཡོང་ཐབས་དགོས་སྐོར། དེ་བཞིན་ཕྱིི་རྒྱལ་རོགས་དངུལ་ལེན་བེད་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས། ས་གནས་འགོ་འཛིན་རྣམ་པའི་སྤྱི་ཡོངས་ཀྱི་འཛིན་སྐྱོང་ལས་དོན་འགན་ཁུར་ཞུ་ཕྱོགས་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་ཚོགས་འདུའི་གྲོས་གཞི་དང་པོ་དང་གཉིས་པ་བཅས་ཀྱི་ཐོག་བཀའ་བསྡུར་ཞིབ་ལྷུག་གནང་སྟེ་ཚོགས་འདུའི་ལས་ཉིན་དང་པོ་ལེགས་གྲུབ་བྱུང་བ་བཅས། །