ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༠ དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་ ༡༩ འདི་ཐོག་མར་ཁྱབ་གདལ་བྱུང་སྐབས་བོད་མིའི་སྒྲིག་འཛུགས་ལ་སེམས་ཚབས་ཆེན་པོ་བྱུང་ཡོད་ཀྱང་ད་ཆ་ཕྱི་མིག་ཅིག་བལྟས་སྐབས་དེ་ཙམ་གྱི་དཀའ་ངལ་འཕྲད་མེད་ཅིང་རེ་བ་བརྒྱབ་པ་ལྟར་གང་ལ་གང་འཚམས་གདོང་ལེན་བྱེད་ཐུབ་ཡོད།
དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་། དེ་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་ས་གནས་སྨན་ཁང་གི་འགན་འཛིན་དང་ས་གནས་འགོ་འཛིན། དབུས་དང་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དྭངས་བླངས་སོགས་མདུན་དུ་ཐོན་ནས་ཕྱག་ལས་གནང་མཁན་ཚང་མས་མཉམ་རུབ་ཀྱིས་གནང་བ་བརྟེན་ནས་ད་ཆ་དེ་ཙམ་གྱི་འབ་སུ་མ་བསྡུས་པའི་དཀའ་ངལ་འཕྲད་མེད་པ། གང་ལ་གང་འཚམས་ཡག་པོ་བྱུང་ཡོད་པས་ཡག་པོ་བྱུང་བར་ང་ཚོ་ཚང་མ་དགའ་བ་སྒོམ་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་འཛམ་གླིང་ས་ཕྱོགས་མང་པོར་ནད་ཡམས་དེ་ཐེངས་གཉིས་པ་དང་གསུམ་པ་ལངས་ཡོང་གི་ཡོད་དུས་བོད་མིའི་སྤྱི་ཚོགས་ནང་ད་ཆ་གནས་སྟངས་ཡག་ཏུ་འགྲོ་གྲབ་ཡོད་དང་ཛ་དྲག་ཏུ་འགྲོ་གྲབ་ཡོད་ཤེས་ཚོད་དཀའ་བ་རེད།
ཉེ་ཆར་རྒྱ་གར་གྱི་སྲིད་བློན་མཆོག་གིས་གསུངས་པ་བཞིན་ནད་ཡམས་འདིར་སྔོན་འགོག་སྨན་ཁབ་མ་ཐོན་བར་ནད་ཡམས་འདི་ལས་གྲོལ་བ་ཡིན་ཞེས་གནས་སྟངས་ཆགས་རྒྱུ་མེད་པར་བརྟེན་འཕྲོད་བསྟེན་ལས་ཁུངས་ནས་མང་ཚོགས་ལ་རེ་འདུན་ཞུ་རྒྱུར། ནད་ཡམས་སྔོན་འགོག་གི་སྨན་ཁབ་མ་ཐོན་པ་དང་སྔོན་འགོག་སྨན་ཁབ་མང་ཚོགས་ཚང་མར་རྒྱག་མ་ཐུབ་པར་ང་ཚོའི་ངོས་ནས་ལྷོད་གཡེང་དང་རྣམ་གཡེང་གཏོང་རྒྱུ་མེད།
ད་ཆ་འཛམ་གླིང་ནང་ཚོང་དང་དཔལ་འབྱོར་ལྷག་པར་རྒྱ་བལ་འབྲུག་གསུམ་ནང་འཚོ་བའི་གནས་སྟངས་ཀྱི་རྐྱེན་པས་སྒོ་རྒྱ་རིམ་པ་ཕྱེ་བ་ལས་ཡུལ་མི་མང་པོ་འགྲུལ་བཞུད་གནང་བཞིན་ཡོད་པའི་གནས་སྟངས་འདིར་ང་ཚོ་བོད་མི་ཚང་མ་མི་རི་ངོས་རེ་ནས་ལྷོད་གཡེང་མ་སོང་བར་གནང་དགོས་གལ་ཆེ་བ་མ་ཟད། ལྷོད་གཡེང་ཤོར་ཚེ་དོ་བདག་དང་རང་གི་ནང་མི་བུ་ཕྲུག་བཅས་ལ་དཔལ་འབྱོར་དང་ཕྲུག་གུའི་སློབ་སྦྱོང་ལ་དཀའ་ངལ་གྱོང་གུན་འཕྲད་མི་སྲིད་པ་མིན་པས་ཚང་མས་རང་ངོས་ནས་གཟབ་གཟབ་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟའི་ནད་ཡམས་ཙམ་མིན་པར་རྒྱུན་དུ་ལག་པ་གཙང་མ་བཀྲུ་བ་དང་། གལ་ཆེ་དོན་ཆེན་ཡིན་ན་མ་གཏོགས་ཕྱིར་མ་ཕེབས་རོགས་ཞེས་སླར་ཡང་དྲན་སྐུལ་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ་ནི། འཕྲོད་བསྟེན་བཀའ་བློན་མཆོག་དང་དྲུང་ཆེ། ལས་བྱེད་བཅས་རིམ་པ་ཕེབས་ནས་གསལ་བསྒྲགས་ལན་མང་ཞུས་པ་བཞིན་ད་ལན་སླར་ཡང་དམིགས་བསལ་གྱིས་ས་གནས་གང་སར་བཞུགས་པའི་བོད་མི་སུ་ལའང་ནད་ཡམས་འདིའི་རྐྱེན་པས་དཀའ་ངལ་དང་བློ་དོགས་གང་ཡོད་ཀྱང་ས་གནས་སྨན་ཁང་དང་འབྲེལ་ཡོད་འགོ་ལས་དང་འཕྲོད་བསྟེན་ལས་ཁུངས་སུ་འབྲེལ་བ་གནང་རོགས། དཀའ་ངལ་སེལ་ཐུབ་པ་ཡོད་ན་ང་ཚོས་མཉམ་རུབ་ཀྱིས་འབད་བརྩོན་ཞུ་རྒྱུ་རེད།
དེ་མིན་སེམས་ནང་དཀའ་ངལ་ཡོད་པ་དང་། དེ་བཞིན་སྐད་འཕྲིན་སོགས་ཁུངས་ལྡན་མིན་པའི་སྐད་ཆར་ཡིད་ཆེས་ནས་སེམས་འཁྲལ་གནང་བ་ཡིན་ན་དེ་དཀའ་ངལ་སེལ་ཐབས་མིན་པས་དཀའ་ངལ་སེལ་ཐབས་ཆེད་འབྲེལ་ཡོད་ལས་ཁུངས་དང་ས་གནས་འགོ་ལས་སུ་འབྲེལ་བ་གནང་རོགས་ཞེས་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་ཞུ་རྒྱུ་ཡིན།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༩༦༢ ༼རང་ཁྱིམ། ༥༩༡ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༧༡ དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༨༢ མོན་གྷོ་གཞིས་ཆགས་སུ་མི་གྲངས་ ༣༦༧ སྦེལ་ཀོབ་གཞིས་ཆགས་སུ་མི་གྲངས་ ༡༠༧ དང་ཧོན་སུར་གཞིས་ཆགས་སུ་མི་གྲངས་ ༥༢༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བདུན་ཕྲག་འདིའི་ནང་ས་གནས་སུ་ནད་རྟགས་ཡོད་མེད་རྟོགས་ཞིབ་གནང་ཐུབ་མེད་ཀྱང་གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༧༥༠ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་། སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༡༢༠ ལ་ཁ་པར་བཏང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།
ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་རྡ་ས་ཁུལ་དུ་ད་བར་ཁྱོན་མི་གྲངས་ ༨༦༢ དང་། ལྡེ་ར་ལྡུན་ཁུལ་དུ་མི་གྲངས་ ༥༡༠ མོན་གྷོ་གཞིས་ཆགས་ནང་མི་ ༣༥༠༠ ལྷག ལྡི་ལི་ཁུལ་དུ་མི་གྲངས་ ༡༥༣ གནང་ཟིན་པ་བཅས་ཚོགས་ཆུང་གི་གྲུབ་ཐོན་སྙིང་བསྡུས་སྙན་གསང་ཞུས།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༨༡ བྱུང་། ཞིབ་ཕྲ་ནི། ལ་དྭགས་ཁུལ་ནས་མི་གྲངས། ༤ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༢༦ ཤི་ལོང་ནས་མི་གྲངས། ༡ མོན་གྷོ་གཞིས་ཆགས་ནས་མི་གྲངས། ༣༡ སིམ་ལ་ནས་མི་གྲངས། ༣ མེན་པཱཌ་གཞིས་ཆགས་ནས་ ༡ ཀེལ་མེན་ཊོན་གཞིས་ཆགས་ནས་མི་གྲངས། ༡ ལྡེ་ར་ལྡུན་ཉེ་འགྲམ་དཱ་ར་ཝ་ལི་གཞིས་ཆགས་ནས་མི། ༡ སྒང་ཏོག་ནས་མི་གྲངས། ༡ ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་གྲངས། ༤ བཅས་རྒྱ་གར་ནང་མི་གྲངས་ ༧༣ བྱུང་ཡོད་པ་དང་། བལ་ཡུལ་ཀཐ་མན་ཌུ་དང་པོག་ར་ཁུལ་ནས་མི་གྲངས་ ༨ བཅས་ཁྱོན་མི་གྲངས་ ༨༡ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༦༧ དང་བུད་མེད་གྲངས་ ༡༤ དགུང་ན་མཐོ་ཤོས་དེ་ ༧༤ དང་ཆུང་ཤོས་དེ་བྱིས་པ་ལོ་ ༡༡ ཡིན། དེའི་ནང་ནས་ནད་རྟགས་ཅུང་ཡོད་པ་མི་གྲངས་ ༦༢ དང་ནད་རྟགས་མེད་པ་མི་གྲངས། ༡༩ ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༥༠ སོན་པ་ཞིག་དང་། བལ་ཡུལ་ནང་སྐྱེས་པ་རང་ལོ་ ༧༦ སོན་པ་གཅིག་བཅས་མི་གཉིས་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་ ༧༨༤ དང་། དྲག་སྐྱེད་བྱུང་བ་མི་གྲངས། ༣༧༥ འདས་གྲོངས་སོང་བ་མི་གྲངས། ༢༡ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༣༨༨ བཅས་བྱུང་ཡོད།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
རྒྱ་གར་ནང་སྒོ་རྒྱ་རིམ་པ་ཕྱེ་བ་དང་བསྟུན་ཡོངས་ཁྱབ་བྱེད་ཆོག་དང་ཆོག་མིན་གྱི་གསལ་བསྒྲགས་གནང་བའི་ནང་ཟླ་བ་འདིའི་ཚེས་ ༡༥ ནས་རྒྱ་གར་ནང་སློབ་གྲྭ་རྣམས་སླར་ཡང་སྒོ་ཕྱེ་ན་འགྲིག་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལས་རྒྱ་གར་བྱང་ཕྱོགས་པན་ཇཱབ་དང་ཡུ་པི། འབྲས་ལྗོངས་ནང་གི་སློབ་གྲྭ་སྒོ་ཕྱེ་ཟིན་པ་དང་། རྒྱ་གར་རྒྱལ་ས་ལྡི་ལི་དང་མཱ་ཧཱ་རཱ་ཤ་ཏྲ་དང་ཀར་ཎ་ཊ་ཀ་སོགས་མངའ་སྡེ་དང་རྒྱལ་ས་ཉེན་ཚབས་ཆེ་བ་ཡོད་སར་ད་དུང་ཡིན་ནའངས་སློབ་གྲྭ་སྒོ་ཕྱེ་མེད། གང་ལྟར་རྒྱ་གར་དབུས་གཞུང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་ཉེན་ཚབས་ཆེ་བའི་ས་ཁུལ་མ་ཡིན་པ་རྣམས་ལ་སློབ་གྲྭ་འཛིན་གྲ་ ༡༠ དང་ ༡༢ གཉིས་ཀྱི་སློབ་ཕྲུག་རྣམས་ལ་ཕ་མའི་ཆོག་མཆན་ཡི་གེ་ཡོད་པའི་ཐོག་དྭངས་བླངས་ཀྱིས་སློབ་གྲྭར་བཅར་དགོས་པ་གསལ་ཡོད་ན་རང་རེ་བོད་མིའི་སློབ་གྲྭ་ཁག་གཅིག་ཀྱང་འཛིན་གྲྭ་ ༡༠ དང་ ༡༢ གཉིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་གཏོང་དགོས་སྟབས་ཟླ་བ་འདིའི་ཟླ་མཇུག་ནས་སློབ་གྲྭ་སླར་ཡང་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་སྤེལ་ཟིན་ཡོད།
རྩ་བའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་ཡོད་ཤེས་རིག་ལས་ཁུངས་སུ་སློབ་གྲྭ་སླར་ཡང་སྒོ་ཕྱེ་ཕྱོགས་དང་འབྲེལ་ལམ་སྟོན་ཕུལ་ཟིན་ཡོད། འོན་ཀྱང་སློབ་གྲྭ་དང་དེའི་ས་གནས་ཀྱི་གནས་སྟངས་ལ་བལྟས་ནས་གལ་ཏེ་སློབ་གྲྭ་སྒོ་ཕྱེ་རྒྱུ་ཡིན་ཚེ་ངེས་པར་དུ་སྔོན་འགོག་གི་ཐབས་ལམ་རྣམས་བསྟེན་དགོས་པ་ཡིན། འདས་པའི་ཉམས་མྱོང་ནང་ཨ་རི་དང་ཡུ་རོབ་ཁུལ་དུ་དེ་སྔ་སློབ་གྲྭ་སྒོ་ཕྱེ་བ་ལས་སློབ་ཕྲུག་ནང་ནད་གཞི་ཕོག་པ་དེ་འདྲ་བྱུང་ནས་སླར་སྒོ་རྒྱག་དགོས་པའི་གནས་སྟངས་དེ་འདྲ་བྱུང་འདུག་པས་གཙོ་བོ་སློབ་གྲྭའི་འཛིན་སྐྱོང་ངོས་ནས་འགན་བཞེས་དགོས་ཀྱི་འདུག འཛིན་སྐྱོང་ངོས་ནས་སློབ་ཕྲུག་དང་དགེ་རྒན་ལས་བྱེད། སློབ་གྲྭའི་ར་བའི་ནང་ཡོད་པའི་ལས་བྱེད་ནང་མི་ཚང་མའི་བདེ་འཇགས་སྲུང་སྐྱོབ་ཐོག་འགན་བཞེས་དགོས་གལ་ཆེ། ལྷག་པར་ས་གནས་རྫོང་གི་སྨན་ཁང་གི་འགོ་ལས་དང་ཆེད་ལས་སྨན་པ་རྣམས་ལ་འབྲེལ་བ་གནང་དགོས་གལ་ཆེ་བ་མ་ཟད་ཁྲིམས་སྒྲིག་ལམ་སྟོན་གནང་བར་རྩི་སྲུང་གནང་གལ་ཆེ།
དེ་བཞིན་རྫོང་གི་སྨན་ཁང་དང་འབྲེལ་བ་གནང་བའི་ཐོག་དེ་ནས་བརྟག་དཔྱད་སོགས་མཐུན་འགྱུར་ཞུ་ཐབས་གནང་གལ་ཆེ་བ་ཡིན། གལ་སྲིད་སློབ་གྲྭ་ཚོགས་པ་ཡིན་ན་དགེ་ལས་རྣམས་བརྒྱ་ཆ་ ༥༠ ཡོང་རེས་དང་། སློབ་ཕྲུག་མང་པོ་ཡོད་ཚེ་སྡེ་ཚན་ཆ་བགོས་ཀྱིས་སློབ་ཁྲིད་གནང་གལ་ཆེ་ཞིང་སློབ་གྲྭའི་སྣེ་ལེན་དང་འཛིན་ཁང་། ཚོགས་ཁང་། དཔེ་མཛོད་ཁང་། ཟ་ཁང་། ཚོང་ཁང་། ཁྱིམ་ཚང་ནང་དང་ཞལ་ལག་མཆོད་ས་བཅས་མི་མང་པོ་འཛོམས་སར་ངེས་པར་མིའི་དབར་རྒྱང་ཐག་འཇོག་དགོས་པ་དང་། འཛིན་ཁང་སོགས་ཀྱི་ཁང་པའི་རླུང་འགྲོ་ཡག་པོ་དགོས་གལ་ཤིན་ཏུ་ཆེ། སློབ་ཕྲུག་དང་དགེ་ལས་རྣམས་ཐོག་མར་འཛོམས་པའི་སྐབས་ནད་ཡམས་འདི་འགོས་ནད་ཡིིན་པ་ངོ་སྤྲོད་དང་། དེ་བཞིན་ནད་རྟགས་ངོ་སྤྲོད། དེར་སྔོནའགོག་ཐབས་ལམ་སོགས་འཛིན་སྐྱོང་ངོས་ནས་དགེ་སློབ་རྣམས་ལ་ཐོག་མའི་ངོ་སྤྲོད་དང་ལམ་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ། གལ་སྲིད་སློབ་ཕྲུག་གང་ཞིག་ལ་ཚ་བ་འཕར་བ་ལ་སོགས་པའི་ནད་རྟགས་མངོན་པ་དང་། ཡང་སློབ་མ་སུ་ཞིག་ལ་གློ་གཅོང་སོགས་བླ་གཉན་ནད་གཞི་ཡོད་ཚེ་བརྟག་དཔྱད་གནང་རྒྱུ་གལ་ཆེ། ད་ལྟའི་ནད་ཡམས་འདིའི་སྔོན་འགོག་ཐབས་ལམ་གཙོ་བོ་དེ་སོ་སོའི་སྤྱོད་ལམ་དེ་རེད།
བོད་ཀྱི་གསོ་བ་རིག་པའི་གཞུང་ལས་ཀྱང་སྤྱོད་ལམ་ཟས་དང་སྨན་དང་དཔྱད་རྣམས་སོ། ཞེས་ནད་གཞི་སྔོན་འགོག་ལ་སྤྱོད་ལམ་དེ་ཤིན་ཏུ་གལ་ཆེ་བས། གལ་ཏེ་སློབ་གྲྭ་ཚུགས་པ་ཡིན་ན་ད་ལྟའི་ནད་ཡམས་འདིའི་སྔོན་འགོག་སྲུང་སྐྱོབ་ཏུ་ཁ་རས་གྱོན་པ་དང་། མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུ་བ་དེ་གསུམ་ནི་སྔོན་འགོག་གི་ཐབས་ལམ་གཙོ་བོ་དེ་ཡིན། ད་ལྟའི་ནད་ཡམས་འདི་འགོས་ནད་ཡིན་པས་སློབ་མ་ནང་ཁུལ་ལྟོ་ཕོར་དང་གོ་ལོག་འཁྲུས་ཆས་སོགས་མཉམ་སྤྱོད་མ་གནང་ན་ལེགས། ཉལ་ཁང་དང་གསང་སྤྱོད། ཉེ་འཁོར་རྣམས་དུག་སེལ་གནང་རྒྱུ་གལ་ཆེ། སློབ་གྲྭའི་རྒྱལ་སྒོའི་ཕྱི་ལ་འགྲུལ་བཞུད་བྱ་རྒྱུ་འཛེམས་དགོས་པ་དང་། ཞལ་ལག་ཡིན་ནའང་སོ་སོའི་ཁྱིམ་ཚང་གི་ཞལ་ལག་གསོས་པ་དེ་མཆོག་རྒྱུ་དང་། ཆུ་འཁོལ་མ་ཡང་སེ་འཐུང་རྒྱུ། གཉིད་དུས་ཐོག་ཏུ་འཁུག་རྒྱུ་སོགས་སྤྱོད་ལམ་གང་ལེགས་བསྟེན་དགོས། གང་ལྟར་སློབ་གྲྭའི་དགེ་རྒན་ལས་བྱེད། ཁྱིམ་ཚང་ཕ་མ་དང་། སློབ་གྲྭའི་རྒན་བདག་དང་སྨན་ཁང་སྨན་ཞབས་སོགས་ཚང་མས་འགན་འཁུར་བཞེས་པའི་ཐོག་སོ་སོའི་སློབ་གྲྭའི་ནང་ནད་ཡམས་དཀའ་ངལ་མ་འབྱུང་བ་དང་། ཚང་མའི་བདེ་འཇགས་ཆེད་དགེ་ལས་ཚང་མས་མཉམ་རུབ་གནང་གལ་ཆེན་པོ་ཡིན་པའི་དྲན་སྐུལ་ཞུ།
ཞུ་དོན་གཉིས་པ་དེ་ད་ཆ་བོད་མིའི་སྤྱི་ཚོགས་ནང་ནད་གཞི་ཕོག་པ་མང་པོ་བྱུང་ཡོད་ལ་ནད་གཞི་དྲག་སྐྱེད་བྱུང་བའང་མང་པོ་བྱུང་ཡོད་པས་ནད་གཞི་དྲག་སྐྱེད་བྱུང་བ་རྣམས་ནས་མུ་མཐུད་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་བསྟེན་གལ་ཆེ། དྲག་སྐྱེད་སོང་བ་རྣམས་ཤུགས་ལས་བྱེད་པ་དང་། ལམ་སེང་ཐག་རིང་འགྲུལ་བཞུད་བྱེད་རྒྱུ་འཛེམས་དགོས། དུས་ཐོག་ཞལ་ལག་དང་གཉིད་ཁུག་རྒྱུ། ལུས་ལ་ངལ་གསོ་དགོས་གལ་ཆེ། གལ་སྲིད་སོ་སོར་ཁྲག་ཤེད་ལ་སོགས་པ་བླ་གཉན་ནད་གཞི་ཡོད་ཚེ་མུ་མཐུད་སྨན་བཅོས་གནང་གལ་ཆེ་བ་དང་། རྒྱུན་དུ་ཚ་བ་འཕར་བ་དང་ཛ་དྲག་གིས་དབུགས་གཏོང་ལེན་དཀའ་ངལ་འཕྲད་པ་སོགས་འབྱུང་ན་ངེས་པར་ས་གནས་སྨན་པར་བསྟེན་གཏུག་གནང་གལ་ཆེ།
རྒྱུན་དུ་ཆམ་པ་ཡང་སེ་ཐེབས་པ་དང་ཡ་མའི་ནད་གཞི་ཡོད་ཚེ་བོད་ཀྱི་གསོ་བ་རིག་པའི་ཆམ་རིམས་སྔོན་འགོག་གི་སྨན་དང་ལུས་ཟུངས་གསོ་བྱེད་ཀྱི་སྨན་བསྟེན་གལ་ཆེ། འདི་དང་སྦྲགས་ད་ལྟ་རྒྱ་གར་ནང་དུས་ཆེན་མང་པོ་སླེབ་ཀྱི་ཡོད་པས་ཁྲོམ་འདུས་སོགས་སུ་མི་མང་པོ་འཛོམས་ཀྱི་ཡོད་པས་རང་ཉིད་ཕྱིར་ཕེབས་དགོས་མེད་ན་མ་ཕེབས་ན་ལེགས། དེ་བཞིན་ཕྱི་རྒྱལ་དུ་ཡིན་ནའང་ཧེ་ལོ་ཝིན་ཞེས་ཕྲུ་གུའི་དུས་ཆེན་ཞིག་སླེབ་ཀྱི་ཡོད་པས་དེ་ཚོའི་སྐབས་སུའང་ས་གནས་གཞུང་ནས་སྔོན་འགོག་ལམ་སྟོན་གནང་བ་རྣམས་ངེས་པར་བསྟེན་གལ་ཆེ། ད་ཆ་འཛམ་གླིང་ནང་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནང་ནད་ཡམས་སླར་ཡང་ཁྱབ་གདལ་མང་དུ་འགྲོ་བའི་རྐྱེན་གྱིས་སླར་ཡང་སྒོ་རྒྱ་བསྡམས་པའི་གནས་སྟངས་དེ་འདྲ་ཆགས་ཡོད་དུས་རང་རིགས་བོད་མི་ས་ཕྱོགས་གང་དུ་བཞུགས་ཡོད་ནའང་ཚང་མས་གཟབ་གཟབ་གནང་རྒྱུ་ཤིན་ཏུ་གལ་ཆེ།
མཐའ་དོན་ད་ལྟའི་ནད་ཡམས་འདིར་ཁྱབ་གདལ་བཀག་འགོག་ཆེད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་རྒྱལ་ཁབ་ནས་ལམ་སྟོན་གནང་བ་བཞིན་མང་ཚོགས་ནས་ལག་བསྟར་གནང་བ་ལས་ནད་ཡམས་བཀག་འགོག་ཧ་ཅང་ཡག་པོ་བྱེད་ཐུབ་ཡོད། དེ་ཚོར་དཔེ་ལེན་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ནས་གང་ཐུབ་ཐུབ་སོ་སོའི་གནས་བབ་ལ་དཔགས་པའི་མང་ཚོགས་ལ་ལམ་སྟོན་གནང་རྒྱུ་སོགས་གང་ཐུབ་ཞུ་ཡི་ཡོད་པས་མི་མང་ངོས་ནས་དེ་བཞིན་ལག་བསྟར་གནང་རོགས་ཅེས་ཞུ། དུས་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་ཁྱིམ་ཚང་གཅིག་རེད་ཅེས་བཀའ་སློབ་བསྩལ་བ་བཞིན་རང་ཉིད་ནད་མནར་མ་ཟིན་ཡང་ད་བར་ནད་ཡམས་ཀྱིས་འདས་གྲོངས་སོང་བ་རྣམས་ལ་གསོལ་སྨོན་འདེབས་པ་དང་། ནད་མནར་བཞིན་པ་རྣམས་མྱུར་དུ་ནད་ལས་གྲོལ་བའི་སྨོན་ལམ་འདེབས་རྒྱུའི་རེ་སྐུལ་དང་། ད་ལྟའི་ནད་ཡམས་འདི་མྱུར་དུ་ཞི་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ཆ་རྒྱ་གར་དབུས་གཞུང་ནས་སློབ་གྲྭ་ཁག་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་གནང་བསྟུན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གཅིག་སླར་ཡང་སྒོ་ཕྱེ་རྒྱུའི་གསལ་བསྒྲགས་གནང་ཟིན་འདུག་ན་རྒྱ་གར་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་དང་འབྲེལ་བ་ཡོད་པ་མངའ་སྡེ་གསུམ་སྟེ་དང་པོ་ཧི་མཱ་ཅལ་མངའ་སྡེ་ཆ་བཞག་ན་ད་ལྟའི་ཆར་མི་འབུམ་གཅིག་ལ་བརྩིས་ན་མི་གྲངས་༣༨ ཙམ་ལ་ནད་གཞི་འགོས་ཀྱི་འདུག་པ་འདི་ནི་ཨ་རིའི་ CDC ནས་ཚོད་དཔགས་བྱས་ན་ཉེན་ཁ་འབྲིང་ཙམ་ཆགས་ཀྱི་ཡོད། ཨུ་ཏར་ཁནཌ་ནང་ཡིན་ན་མི་འབུམ་གཅིག་ནང་ནས་མི་ ༥༠ ཆགས་ཀྱི་ཡོད་པས་ཉེན་ཁ་འབྲིང་ཙམ་ཡིན་པ་དང་། གསུམ་པ་ཀར་ཎ་ཊ་ཀའི་མངའ་སྡེ་ཆ་བཞག་ན་མི་འབུམ་གཅིག་ནས་མི་གྲངས་ ༡༥༧ ཙམ་ལ་ནད་གཞི་འགོས་ཀྱི་ཡོད་པ་ཐོན་གྱི་ཡོད་ན་དེ་ནི་ཉེན་ཚེབས་ཆེ་བའི་ཁོངས་ཆགས་ཀྱི་ཡོད་པས་སློབ་གྲྭ་སྒོ་ཕྱེ་མི་ཆོག་པའི་གནས་སྟངས་ཆགས་ཀྱི་ཡོད། དེར་བརྟེན་གལ་ཏེ་ཉེན་ཚབས་འབྲིང་ཙམ་ཡིན་པའི་འོག་བོད་མིའི་སློབ་གྲྭ་སླར་ཡང་སྒོ་ཕྱེ་བ་ཡིན་ན་སློབ་མ་རྣམས་ལོ་ན་གཞོན་པ་ཡིན་པས་ལོ་ན་གཞོན་པ་མང་པོར་ནད་གཞི་འདི་ཕོག་ནའང་ནད་རྟགས་དམིགས་བསལ་མ་ཐོན་པ་མང་བས་དེ་འདྲའི་བརྒྱུད་ནས་ནད་གཞི་ཁྱབ་གདལ་ཡོང་སྲིད་པས་སློབ་ཕྲུག་རྣམས་ནས་དམིགས་བསལ་དོ་སྣང་དང་གཟབ་གཟབ་གནང་གལ་ཆེ། སློབ་གྲྭའམ་ཚོགས་པའི་ནང་མི་ལོ་ན་བགྲེས་པ་དང་ཡང་ན་གང་ཞིག་ལ་ཁྲག་ཤེད་སོགས་བླ་གཉན་ནད་གཞི་ཡོད་པ་རྣམས་ནས་དམིགས་བསལ་གཟབ་གཟབ་གནང་གལ་ཆེ་བ་དང་། དེ་བཞིན་སློབ་གྲྭའི་ནང་འཛིན་གྲྭ་འཚོགས་པ་ཡིན་ན་འཛིན་ཁང་གི་རླུང་འགྲོ་ཡག་པོ་དགོས་པ། སློབ་ཕྲུག་ཕན་ཚུན་རྒྱང་ཐག་འཇོག་གལ་ཆེ་བ། སློབ་གྲྭའི་ནང་འབྲེལ་གཏུག་རྩད་གཅོད་ཀྱི་རུ་ཁག་བཟོ་ཐུབ་ན། གལ་སྲིད་སློབ་གྲྭའི་ནང་ནད་གཞི་ཕོག་པའི་གནས་ཚུལ་འབྱུང་ཚེ་རུ་ཁག་དེས་ཕྲལ་དུ་འབྲེལ་གཏུག་མི་རྩད་གཅོད་བྱེད་པ་བརྒྱུད་དགེ་སློབ་གཞན་ལ་མ་འགོས་པར་སྔོན་ཚུད་ནས་བཀག་འགོག་བྱེད་ཐུབ་པར་དགེ་མཚན་ཡོད་པས་དེའི་ཐོག་འཛིན་སྐྱོང་ནས་ཐུགས་འགན་བཞེས་གལ་ཆེ།
གང་ལྟར་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང། ཚོགས་པ་ཁག་གང་ཡིན་ཡང་འགོ་འཛིན་སྐྱོང་ནས་ལས་བྱེད་མཐོ་འབྲིང་དམའ་བ་ཚང་མས་མཉམ་རུབ་ཀྱིས་འགན་འཁུར་ནུས་སྤུང་དང་རྒྱབ་སྐྱོར་མཐུན་འགྱུར་གནང་ཐོག་ཁ་རས་གྱོན་སྟངས་ཤེས་པའི་ཐོག་ནས་ཁ་རས་གྱོན་རྒྱུ། ལྷག་པར་མི་འདུ་འཛོམས་སར་ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། གློ་དང་སྦྲིད་པ་སོགས་རྒྱག་པ་ཡིན་ན་སྟོད་ཐུང་ནང་དང་ལག་པའི་གྲུ་མོའི་ནང་རྒྱག་པ་ཡིན་ན་དེས་མཆིལ་མའི་རྡུལ་ཕྲན་གཞན་ལ་མ་ཁྱབ་པས་ནད་འགོག་ལ་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་ཁ་ལུད་དང་སྣབས་ལུད་གང་བྱུང་མ་གཡུག་པ། འཛིན་ཁང་དང་ཉལ་ཁང་དེ་བཞིན་སློབ་གྲྭའི་ཁོར་ཡུག་ནང་དུག་སེལ་སྨན་ཆུ་གཏོར་བ་སོགས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ཕན་ངེས་ཡིན་པས་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་པ་དེ་དོན་དྲན་སྐུལ་ཞུས་པ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་སུམ་ཅུ་པ་དེ་མཇུག་སྒྲིལ་གནང་ཡོད། །