ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༢༩ དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ལས་བྱེད་ཚེ་རིང་དབྱངས་སྒྲོན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་ལས་བྱེད་ཚེ་རིང་དབྱངས་སྒྲོན་ལགས་ཀྱིས་གཙོ་བོ་མི་མང་ངོས་ནས་སེམས་ཁམས་འཕྲོད་བསྟེན་གནང་ཕྱོགས་དང་། བྱེ་བྲག་ནད་གཞི་ཕོག་མཁན་དང་ཟུར་བཀག་ཐོག་བཞུགས་མཁན་རྣམས་ནས་དམིགས་བསལ་སེམས་ཁམས་འཕྲོད་བསྟེན་གནང་ཕྱོགས་བཅས་དོན་ཚན་གཉིས་ཐོག་ལམ་སྟོན་གནང་། དེའང་ད་ལྟའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་ཚོད་འདིར་མིའི་སེམས་ནང་ཞེད་སྣང་དང་དངངས་ཚབ། དེའི་རྐྱེན་པས་གཉིད་མ་ཁུག་པ་དང་བསམ་བློ་འདྲ་མིན་བཏང་བ་སོགས་ཡོང་གི་ཡོད་པ་ནི་རང་བཞིན་ཞིག་རེད།
འདི་ལྟའི་ཚོར་བ་ནི་རང་ཉིད་ཅིག་པུ་མིན་པར་མི་མང་པོ་གཅིག་ལ་དེ་ལྟའི་ཚོར་བ་བྱུང་བཞིན་ཡོད་པས་རང་ཉིད་ནས་དེའི་ཐོག་སེམས་ཁྲལ་དང་དངངས་ཚབ་མ་སྐྱེས་པར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་བའི་ཐོག་བདེ་ཐང་ཡོང་རྒྱུར་འབད་བརྩོན་གནང་དགོས། ཡང་མི་ཁག་ཅིག་ལ་འདི་ལྟའི་ཚོར་བ་དྲགས་པོ་བྱུང་ནས་སེམས་ནང་མ་སྐྱིད་པ་སོགས་ཚབས་ཆེའི་གནས་སྟངས་ལ་སྣང་མེད་དུ་མ་འཇོག་པར་རང་ཉིད་ཀྱི་སྙིང་ཉེའི་སྤུན་གྲོགས་དང་སྨན་པར་བཤད་པ་དང་དེར་གདོང་ལེན་ཆེད་སོ་སོའི་ངོས་ནས་དུས་ཚོད་འཆར་འགོད་ཀྱིས་དཔེ་དེབ་ཀློག་པ་དང་། ཕྲུག་གུ་དང་རོགས་པ་མཉམ་དུ་དུས་ཚོད་གཏོང་བ་སོགས་ཉིན་རེའི་འཆར་གཞི་བཀོད་སྒྲིག་གིས་ལག་བསྟར་གནང་ན་ཕན་ཐོགས་ཆེན་པོ་ཡོད་པའི་ལམ་སྟོན་གནང་། ཡང་དེང་སང་ཕྲུག་གུ་མང་པོ་གཅིག་སོ་སོའི་ནང་དུ་བཞུགས་ཡོད་དུས་ཕ་མར་ལས་འགན་འཕར་མ་ཞིག་ཡོད་པས་དེའི་སྐབས་སེམས་ཁམས་ལ་དཀའ་ངལ་འཕྲད་སྲིད་པས་རང་ཉིད་ཀྱི་ཕྲུག་གུར་ཉིན་རེའི་བྱེད་སྒོ་ལས་འཆར་སྒྲིག་ནས་གནང་ན་ཕན་ཐོགས་ཆེན་པོ་ཡོད།
ཕ་མའི་ངོས་ནས་སེམས་ཁམས་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་དགོས་གལ་ཆེ་བ་ལས་ཕྲུག་གུར་སོ་སོའི་དཀའ་ངལ་དང་ཁོང་ཁྲོ་བྱེད་པ་སོགས་གནང་ན་ཕྲུག་གུ་ལའང་མིག་ལྟོད་ངན་པ་ཆགས་སྲིད་པས་ཕ་མའི་ངོས་ནས་འགན་འཕར་མ་བཞེས་རྒྱུ་ཤིན་ཏུ་གལ་ཆེ། དོན་ཚན་གཉིས་པ་ཟུར་བཀག་ལ་བཞུགས་མཁན་དང་ནད་གཞི་ཕོག་པ་རྣམས་ལ་ཞུ་དོན་གཙོ་བོ་དེ་སེམས་ནང་ཞེད་སྣང་དངངས་སྐྲག་སྐྱེས་པ་སོགས་ནི་རང་བཞིན་ཡིན་པས་དངོས་ཡོད་གནས་ཚུལ་དང་བསམ་བློ་རྒྱ་ཆེ་ས་དང་བསམ་བློ་བཟང་ཕྱོགས་སུ་གཏོང་རྒྱུ་གལ་ཆེ། ནད་གཞི་འདི་མི་མང་པོ་ཕོག་གི་ཡོད་པ་དང་བདུན་ཕྲག་གཅིག་གཉིས་ནས་དྲག་སྐྱེད་འགྲོ་ཡི་ཡོད་པའི་བསམ་བློ་གཏོང་གལ་ཆེ། ཡང་ཟུར་བཀག་ཐོག་བཞུགས་མཁན་རྣམས་ལ་འདི་ནས་ཁ་པར་གཏོང་སྐབས་མང་པོ་གཅིག་གིས་དུས་ཚོད་འཁྱོལ་གྱི་མེད་པ་དང་ཉོབ་སྣང་འདུག་སྐོར་གསུངས་ཀྱི་འདུག་པས་དུས་ཚོད་སྟོང་པ་ཡོད་པ་རྣམས་དཔེ་དེབ་ཀློག་ཡས་དང་འབྲི་རྩོམ་གནང་བ།
དེ་བཞིན་སོ་སོའི་དགའ་ཉེ་རྣམས་ལ་ཁ་པར་ཐོག་འབྲེལ་བ་བགྲོ་གླེང་གནང་ཐུབ་ན་ཤིན་ཏུ་ལེགས། དེ་མིན་བསམ་བློ་སྟོང་པ་དང་སྐད་འཕྲིན་སོགས་ནང་ཁུངས་ལྡན་མིན་པའི་གནས་ཚུལ་ཉན་སྤེལ་གནང་བ་སོགས་བྱེད་ན་དཀའ་ངལ་སེལ་མ་ཐུབ། མཐའ་དོན་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་སྐབས་སུ་ལུས་སེམས་ལ་དཀའ་ངལ་ཅི་འཕྲད་ཀྱང་འདི་ག་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་འབྲེལ་མཐུད་ཁ་པར་ཟུར་བཙུགས་ཡོད་པ་དེར་འབྲེལ་བ་གནང་རོགས། ཡང་ས་གནས་ལའང་སྨན་པ་དང་སྨན་ཞབས་ཡོད་པས་ཁོང་ཚོར་འབྲེལ་བ་གནང་ནས་རོགས་རམ་སློབ་སྟོན་ཞུ་དགོས་པའི་ལམ་སྟོན་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་ཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་༨༥༠ ༼རང་ཁྱིམ།༤༡༣ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༤༣༧ དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་༨༨༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བདུན་ཕྲག་འདིའི་ནང་ས་གནས་སུ་ནད་རྟགས་ཡོད་མེད་རྟོགས་ཞིབ་གནང་ཐུབ་མེད་ཀྱང་གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་༡༩༤༥ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་།
སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་༡༤༩ དང་བོད་མིའི་གཞིས་ཆགས་གྲངས་༢༡ ནང་ཟུར་བཀག་ལ་བཞུགས་པའི་མི་གྲངས་༡༠༠ ལ་ཁ་པར་བཏང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད། འདས་པའི་བདུན་ཕྲག་ནང་ཨ་རི་ཁུལ་གྱི་ས་ཁུལ་གསུམ་ནང་གསོ་རིག་ལུས་སེམས་ནུས་གསོའི་སྨན་གྲངས་༡༥༩ བཏང་ཐུབ་པ་བྱུང་ཡོད་པ་དང་། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་འདི་ག་རྡ་ས་ཁུལ་དུ་འདས་པའི་བདུན་ཕྲག་ནང་མི་གྲངས་ ༣༦ ལ་བརྟག་དཔྱད་བྱས་པ་ལས་མི་སུ་ཞིག་ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་བ་བཅས་ཚོགས་ཆུང་གི་གྲུབ་ཐོན་སྙིང་བསྡུས་སྙན་གསང་ཞུས།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༦༨ བྱུང་། ཞིབ་ཕྲ་ནི། སྦེང་ལོར་ནས་མི།༡ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས།༦ དྷེ་ར་དྷུན་ནས་མི།༡ ལྡི་ལི་ཁུལ་ནས་མི་གྲངས།༢ ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་གྲངས།༡ ཀོ་ལེ་གལ་དོན་ལྡན་གླིང་གཞིས་ཆགས་ནས་མི།༡ ལ་དྭགས་ཁུལ་ནས་མི་གྲངས།༢༢ མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་མི་གྲངས།༢ མེན་པཱཌ་གཞིས་ཆགས་ནས་༥ མེའོ་གཞིས་ཆགས་ནས་མི།༢ མོན་གྷོ་གཞིས་ཆགས་ནས་མི་གྲངས།༩༡ པོན་ཊ་གཞིས་ཆགས་ནས་མི།༤ བལ་ཡུལ་ཀཐ་མན་ཌུ་དང་པོག་ར་ཁུལ་ནས་མི་གྲངས་༣༢ བཅས་ཁྱོན་མི་གྲངས་ ༡༦༨ བྱུང་བ་ནང་ནས་སྐྱེས་པ་གྲངས་༡༢༦ དང་བུད་མེད་གྲངས་ ༤༢ དགུང་ན་མཐོ་ཤོས་དེ་ ༩༦ དང་ཆུང་ཤོས་དེ་བྱིས་པ་ལོ་ ༥ ཡིན་པ་རེད། ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་གཞིས་ཆགས་ནས་སྐྱེས་པ་རང་ལོ་༨༥ སོན་པ་ཞིག་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་༧༠༣ དྲག་སྐྱེད་བྱུང་བ་མི་གྲངས།༢༧༦ འདས་གྲོངས་སོང་བ་མི་གྲངས།༡༧ ད་ལྟ་ནད་མནར་བཞིན་པ་མི་གྲངས།༤༡༠ བཅས་བྱུང་བའི་གནས་ཚུལ་ཞུ།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
ད་ཆ་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཕྲན་བསྡོམས་གྲངས་༢༣༥ ཙམ་ནང་ཁྱོན་མི་གྲངས་མི་ས་ཡ་༣༨ (38002699) ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་༡༠ ལྷག་ (1083234) ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་༧༢ སྟེ་ས་ཡ་བདུན་ལྷག་ (7239389) ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་འབུམ་ཅིག་ (110586-1.53%) ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་འབུམ་༦༣(6301927-87.05%) ལྷག་དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་འབུམ་༨ (826876-11.42%) ལྷག་ནད་མནར་བཞིན་པ་དང་། ཉིན་ཅིག་ཏེ་འདས་པའི་ཆུ་ཚོད་༢༤ ནང་མི་གྲངས་དྲུག་ཁྲི་དྲུག་སྟོང་ཙམ་ལ་(67,988) ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པས་རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་༩༠༠ (90090122) ལྷག་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་༡༡(1145015) ལ་བརྟག་དཔྱད་གནང་བ་བྱུང་། ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་ལྔ་པ་ཕྱེ་བ་ལས་རྒྱ་གར་ནང་ལྟད་མོ་ཁང་དང་། སྐྱེད་མོས་ཚལ། དེ་བཞིན་ཕྱི་ཟླ་༡༠་་༡༡་་༡༢ གསུམ་ནང་ཆོས་ཕྱོགས་ཀྱི་དུས་ཆེན་མང་པོ་ཞིག་སླེབས་ཀྱི་ཡོད་པ་དང་ནམ་དུས་ཡང་དགུན་ཟླ་ཤར་སྒོ་ཚུགས་ཀྱི་ཡོད་པས་མི་མང་ནས་དམིགས་བསལ་གཟབ་གཟབ་གནང་རྒྱུ་གལ་ཆེ། དགུན་ཁའི་དུས་སུ་གཉན་སྲིན་ནད་འབུ་དེ་ཡུན་རིང་པོ་འཚོ་གནས་ཐུབ་ཀྱི་ཡོད་པ་དང་། དགུན་དུས་ཕྱིར་གནམ་གཤིས་གྲང་བའི་རྐྱེན་གྱིས་མི་མང་པོ་ནང་དུ་སྒོ་སྒེའུ་ཁུང་བརྒྱབ་ནས་ཚ་གློག་བཏང་ནས་བཞུགས་པ་དང་ཕྱི་ཟ་ཁང་དང་མགྲོན་ཁང་ཚོང་ཁང་སོགས་སུའང་རླུང་འགྲོ་བཀག་པ་ལས་གཉན་སྲིན་ནད་འབུ་ཡོད་ན་དེ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ཡོད། དེ་བཞིན་དགུན་ཁའི་དུས་སུ་གནམ་གཤིས་གྲང་ངར་དང་ཕྱི་རླུང་གྲང་བའི་རྐྱེན་གྱིས་མིར་དབུགས་འབྱིན་རྔུབ་དང་འབྲེལ་བའི་གློ་ནད་དང་དབུགས་བསགས་ནད། ཆམ་རིམས་དང་ཡ་མའི་ནད་གཞི་སོགས་ལྡང་ཉེན་ཆེ་བས་དམིགས་བསལ་གཟབ་གཟབ་གནང་གལ་ཆེ། དོན་གནད་གཉིས་པ་དེ་ད་ཆ་རྒྱ་གར་ནང་གནས་སྟངས་ཛ་དྲག་ཆགས་ནས་ཉེན་ཚབས་ཆུང་བ་རྣམས་རང་ཁྱིམ་དུ་གསོ་བཅོས་བྱེད་དགོས་པའི་བཀའ་རྒྱ་བཏང་བ་བཞིན་བོད་མིའི་གཞིས་ཆགས་ཁག་ནང་ད་ཆ་ནད་གཞི་ཕོག་པའི་གྲངས་འཕར་བཞིན་ཉེན་ཚབས་ཆུང་བའི་ནད་པ་མང་པོ་ཞིག་འཕྲོད་བསྟེན་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ནད་ཡམས་གདོང་ལེན་ཐབས་བྱུས་སུ་ T3-Testing, Tracking, Treatment ཞེས་བརྟག་དཔྱད། འབྲེལ་གཏུག་རྩད་གཅོད་དང་སྨན་བཅོས་ཅེས་རིམ་པ་གསུམ་པོ་དེ་ད་ཆ་བོད་མིིའི་གཞིས་ཆགས་ནང་འགྲོ་བཞིན་ཡོད། དེའི་ནང་ནས་སྨན་བཅོས་སྐབས་སུ་བོད་མི་སྐུ་བགྲེས་ཁག་ཅིག་གིས་ཕྱི་ལུགས་སྨན་གྱི་ཟུར་ཕོག་ཡོད་པས་བསྟེན་གྱི་མིན་ཞེས་གསུངས་ནས་ཉེན་ཚབས་ཆེན་པོ་ཆགས་པའི་གནས་སྟངས་བྱུང་འདུག
སྤྱིར་བོད་སྨན་གྱིས་གཉན་ཚད་རླུང་གསུམ་ལ་ཕན་བསྐྱེད་ཆེན་པོ་ཡོད་ཀྱང་ད་ལྟའི་གཉན་སྲིན་ནད་འབུ་འདི་གཙོ་བོ་གློ་བར་བབ་ནས་དབུགས་འབྱིན་རྔུབ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་གཉན་རིམས་ཅེས་གཉན་ཁ་ཡོད་དུས་ཕྱི་ལུགས་ཀྱི་གཉན་འཇོམས་སྨན་བསྟེན་དགོས་པ་དང་། དེ་བཞིན་དབུགས་གཏོང་ལེན་གྱི་ཛ་དྲག་སྐབས་དབུགས་བསབ་བྱེད་དགོས་པ་སོགས་ཕྱི་ལུགས་དང་བོད་ལུགས་ཟུང་འབྲེལ་ཐོག་ནས་སྨན་བཅོས་ཐུབ་ན་དགེ་ཚན་ཆེ་བ་ཡོད་པ་དང་། ནད་པ་རང་ཉིད་ཀྱང་ཛ་དྲག་སྐབས་ཕྱི་ལུགས་སྨན་མ་བསྟེན་ཚེ་སྲོག་ལའང་ཉེན་ཁ་ཡོད་པས་གསོ་བཅོས་སྐབས་ཕྱི་ལུགས་དང་བོད་ལུགས་ཟུང་འབྲེལ་ཐོག་ནས་སྨན་བཅོས་གནང་གལ་ཆེ་སྐོར་ལམ་སྟོན་གནང་།
དོན་གནད་གསུམ་པ་དེ་ད་ཉིན་ཟླ་༡༠ ཚེས་༡༥ དེ་རྒྱལ་སྤྱིའི་ལག་པ་གཙང་མ་བཀྲུ་བའི་ཉིན་མོ་ཞེས་གོ་རྟོགས་སྤེལ་བཞིན་ཡོད་ན་ལག་པ་གཙང་མ་བཀྲུ་བ་ལས་ཆམ་རིམས་དང་ལྟོ་བ་བཤལ་བ་ལ་སོགས་པའི་ནད་གཞི་མང་པོ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་པ་དང་། ལྷག་པར་ལག་པར་གཙང་མ་འཁྲུ་བ་ལས་རང་ཉིད་ལ་གཉན་སྲིན་ནད་འབུ་མ་འགོས་ཡས་དང་། གལ་ཏེ་འགོས་ཡོད་ཚེ་དེ་མི་གཞན་ལ་ཁྱབ་གདལ་མ་བཏང་བར་ཕན་ཐོགས་ཆེན་པོ་ཡོད། དམིགས་བསལ་བྱིས་པ་ཆུང་ཆུང་རྣམས་ནས་ལག་པ་གཙང་མ་འཁྲུ་དགོས་གལ་ཆེ་བས་དེའི་ཐོག་ཁུངས་ལྡན་ཡིག་ཆ་ཁག་ལ་ཕྲུག་གུ་ལག་པ་གཙང་མ་འཁྲུ་བ་ལས་ལྟོ་བ་བཤལ་བའི་ནད་རིགས་བརྒྱ་ཆ་༢༣་་༤༠ སྔོན་འགོག་ཐུབ་ཀྱི་ཡོད་པ་དང་། དེ་བཞིན་ཕོ་བའི་ནད་གཞི་རིགས་བརྒྱ་ཆ་༢༩་་༥༧ བར་དང་། ཆམ་རིམས་སོགས་དབུགས་འབྱིན་རྔུབ་དང་འབྲེལ་བའི་ནད་རིགས་བརྒྱ་ཆ་༡༦་་་༢༡ བར་བཀག་འགོག་ཐུབ་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་ན་ཐབ་ཚང་ནང་ཁ་ལག་མ་བཟོས་གོང་དང་ཟ་མ་མ་ཟས་གོང་། གསང་སྤྱོད་ལ་ཕྱིན་རྗེས། གློ་དང་སྦྲིད་པ་སོགས་རྒྱག་རྗེས་རང་ཉིད་ཀྱི་ལག་པ་ངེས་པར་འཁྲུ་དགོས་པ་བཅས་ལག་པ་འཁྲུ་རྒྱུ་ནི་སྟབས་བདེ་དང་འགྲོ་སོང་ཆུང་བ་ཚང་མས་བྱེད་ཐུབ་པ་ཡིན་པས་ད་ལན་རྒྱལ་སྤྱིའི་ལག་པ་གཙང་མ་འཁྲུ་བའི་ཉིན་མོ་དྲན་སྐུལ་དང་སྦྲགས་ཚང་མས་གཉན་རིམས་འདིའི་གདོང་ལེན་དུ་ལག་པ་ཡང་སེ་འཁྲུ་དགོས་པའི་དྲན་སྐུལ་ཞུས།
མཐའ་དོན་ད་ཆ་རྒྱ་གར་ནང་རྩ་བའི་ནད་གཞི་ཕོག་པའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁ་ཤས་ནང་ད་དུང་ཛ་དྲག་ཆགས་ཡོད་པས་ས་གནས་མི་མང་པོར་དངངས་ཚབ་དང་ཞེད་སྣང་ཡོད་པ་ང་ཚོས་ཤེས་ཚོར་ཐུབ་ཀྱི་འདུག འོན་ཀྱང་བསམ་བློ་རྒྱ་ཆེ་ས་དང་བཟང་ཕྱོགས་སུ་གཏོང་བའི་ཐོག་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་བསྟེན་རོགས། ས་གནས་ས་ཐོག་ཏུ་སྨན་པ་དང་སྨན་ཞབས་གཙོས་གཞིས་མི་ཡེ་གེ་འབྲི་ཀློག་ཤེས་མཁན་སུས་ཀྱང་སོ་སོས་ནུས་ལྕོག་གིས་དང་བླངས་ཞབས་ཞུ་བསྒྲུབ་གནང་ཡོང་བའི་རེ་སྐུལ་ཞུས་གནང་།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་མང་ཚོགས་ལ་ད་ལྟའི་ཏོག་དབྱིབས་གཉན་རིམས་ ༡༩ གསོ་བཅོས་ལ་ཕྱི་ལུགས་དང་བོད་ལུགས་སྨན་གཉིས་ཀ་གཏོང་བ་ཡིན་ན་དགེ་ཚན་ཡོད་པ་དང་དགེ་ཚན་ཡོད་པ་དེ་མང་ཚོགས་ནས་བཞེས་གནང་ཡོང་བའི་ལམ་སྟོན་གནང་། ཡང་དེང་སང་སྤྱི་ཚོགས་དྲ་བའི་ནང་དངོས་བདེན་མིན་པའི་དཀྲོག་གཏམ་རིགས་མང་པོ་སྤེལ་བཞིན་འདུག་པས་དེའི་རྐྱེན་གྱིས་མི་ཁག་ཅིག་གིས་བརྟག་དཔྱད་མ་བྱེད་པ་སོགས་དཀའ་ངལ་འཕྲད་བཞིན་འདུག་པས་དཀྲོག་གཏམ་དེ་རིགས་ང་ཚོའི་ངོས་ནས་བཀག་སྡོམ་བྱེད་དཀའ་བས་སྐད་འཕྲིན་དྲ་ཐག་བཏང་འཛིན་པས་བཏང་འཛིན་གནང་དགོས་པའི་རེ་སྐུལ་ཞུས་གནང་། ད་ཆ་རྒྱ་གར་ནང་ཡུལ་འཁོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་པས་སོ་སོའི་ངོས་ནས་ཕྱིར་འགྲུལ་བཞུད་བྱེད་དགོས་དོན་མེད་ན་མ་ཕེབས་ན་ལེགས།
ད་ལྟའི་གཉན་རིམས་འདི་ཕོག་པའི་ནད་པ་མང་པོ་གཅིག་ལ་ནད་རྟགས་མ་མངོན་པས་དེས་མང་ཚོགས་ནང་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ། ད་ཆ་བོད་མིའི་གཞིས་ཆགས་ཁ་ཤས་ནང་ཛ་དྲག་ཆེན་པོ་ཆགས་ཡོད་པས་མི་མང་དང་ལྷག་པར་ཚོགས་པ་ཆེ་ཁག་ནང་དམིགས་བསལ་གྱིས་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག་བོད་མིའི་སྤྱི་ཚོགས་ནང་སྨན་པ་དང་སྨན་ཞབས། ལྷག་པར་མཐོ་སློབ་སློབ་མ་ཡོད་ཚེ་ད་ཆ་ཛ་དྲག་གནས་སྟངས་འདིར་ནད་པ་དང་འབྲེལ་གཏུག་བྱུང་བའི་མི་རྩད་གཅོད་བྱ་རྒྱུའི་མཚོན་དང་བླངས་ཞབས་ཞུ་བསྒྲུབ་པའི་གོ་སྐབས་ཡོད་པ་གསུངས། འདི་ལྟའི་དང་བླངས་ལས་ཀ་འདིར་ནད་གཞི་འགོས་ཡས་ཉེན་ཁ་གང་ཡང་མེད། ལས་ཀ་འདི་ཆ་ཚང་ཁ་པར་ཐོག་འབྲེལ་བ་གནང་ནས་ཞུ་རྒྱུ་ཡིན་ན་དང་བླངས་ཞབས་ཞུ་བསྒྲུབ་འདོད་ཡོད་པ་རྣམས་ནས་ས་གནས་སུ་འབྲེལ་བ་གནང་རོགས་ཞུས། མཐའ་དོན་ཞུ་རྒྱུར། ད་ཆ་གཉན་རིམས་འདིར་སྔོན་འགོག་སྨན་ཁབ་ག་དུས་ཐོན་མིན་ངེས་པ་མེད་པས་ཚང་མས་ཁ་རས་གྱོན་ཡས་དང་མིའི་དབར་རྒྱང་ཐག་འཇོག་ཡས། ལག་པ་གཙང་མ་བཀྲུ་བ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པའི་དྲན་སྐུལ་ཞུས་པ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་༢༩ པ་དེ་མཇུག་སྒྲིལ་གནང་ཡོད།