ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༠༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་བདུན་པ་དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མང་ཚོགས་ལ་དོན་ཚན་གསུམ་གྱི་ཐོག་ནས་སྙན་གསང་ཞུ་དོན། ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་བཞི་པ་དང་ལྔ་པ་ཕྱེ་བའི་གཞུང་གི་ལམ་སྟོན་སྤེལ་བ་ལྟར་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་དོན་ཚན་ ༡༤ ཅན་བཀའ་ཤག་ལ་སྙན་གསང་ཞུས་པ་དེ་ད་ཆ་བཀྲམ་ན་འགྲིག་པའི་བཀའ་ཕེབས་ནང་གཙོ་བོ་སློབ་གྲྭ་སླར་སྒོ་བཙུག་རྒྱུ་དང་འབྲེལ་བ་དེ་རེད། དེ་དོན་འཕྲོད་བསྟེན་ལས་ཁུངས་ནས་ཉེ་ཆར་ཨ་རི་དང་ཡུ་རོབ་སོགས་ནང་སློབ་གྲྭ་སྒོ་ཕྱེ་བའི་ཉམས་མྱོང་གནས་སྟངས་ལ་ཞིབ་འཇུག་བྱས་པའི་ཐོག་ཕྱི་ལོ་ ༢༠༢༡ ཟླ་དང་པོའི་ཟླ་མཇུག་བར་སློབ་གྲྭ་སྒོ་མ་ཚུགས་ནས་ལེགས་ཞེས་ལས་དོན་ཚོགས་ཆུང་ནས་དགོངས་ཚུལ་འདི་འབུལ་རྒྱུ་ཡིན། འོན་ཀྱང་སློབ་གྲྭ་སོ་སོའི་ངོས་ནས་ཚུགས་རྒྱུ་ཡིན་ཚེ་སྔོན་ཚུད་ནས་ནད་རིམས་སྔོན་འགོག་གི་ཚོགས་ཆུང་ཆེད་འཛུག་དགོས་གལ་ཆེ་ཞིང་དེའི་ཐོག་ལས་བྱེད་དགེ་སློབ་ཚང་མས་འགན་འཁུར་དང་དུས་ཐོག་རྟོགས་ཞིབ་གནང་གལ་ཆེ། གལ་ཏེ་དྲ་ཐོག་ནས་སློབ་གྲྭ་མུ་མཐུད་ཚོགས་ཀྱི་ཡིན་གསུང་ན་དྲ་ཐོག་ཚོགས་རྒྱུའི་མཐུན་རྐྱེན་ཁ་ཤས་འཛིན་ཁང་གཅིག་ནང་དགེ་རྒན་གཅིག་རྗེས་གཉིས་མཐུད་ཕེབས་ཀྱི་ཡོད་ན་དེའི་བར་ཏོག་ཙམ་བར་གསེང་འཇོག་ནས་ཅོག་རྩེ་སོགས་ཅ་དངོས་ལག་པ་འཆང་ས་རྣམས་དུག་སེལ་གནང་རྒྱུ་གལ་ཆེའི་ལམ་སྟོན་ཞུས་ཡོད།
རྒྱ་གར་གཞུང་གི་ལམ་སྟོན་ལྟར་སློབ་གྲྭ་སྒོ་ཕྱེ་སྐབས་ཕ་མའི་ངོས་ནས་ཡིག་ཐོག་ཆོག་མཆན་དགོས་པ་དང་། སློབ་ཕྲུག་རྣམས་སློབ་གྲྭར་འབྱོར་སྐབས་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་རྒྱུ། དེ་བཞིན་ཚ་བ་ཡོད་མེད་དང་ནད་རྟགས་ཡོད་མེད་རྟོགས་ཞིབ་སོགས་སློབ་གྲྭ་སོ་སོར་སྨན་པ་ཡོད་ན་རབ་དང་། དེ་མིན་སྨན་ཞབས་པས་འགན་འཁུར་ཐོག་བརྟག་དཔྱད་གནང་རྒྱུ། གལ་ཏེ་ནད་རྟགས་ཅུང་ཡོད་པ་སྟེ་དོགས་གཞི་ཡོད་རིགས་རྣམས་འགོག་དབྱེ་ཟུར་བཀག་གནང་དགོས། གལ་ཆེ་བ་ཞིག་ལ་སློབ་མ་རྣམས་གཏན་འཇགས་སློབ་གྲྭའི་ངོ་བོར་བཞུགས་ཐུབ་པ་དང་། རེས་གཟའ་ཉི་མ་སོགས་གུང་གསེང་ལ་སློོབ་ཕྲུག་ཕྱིར་མ་གཏང་བར་སློབ་གྲྭའི་རྒྱལ་སྒོའི་ནང་ཟ་བཏུང་དང་ཅ་དངོས་དགོས་མཁོའི་ཆ་རྐྱེན་རྣམས་བསྐྲུན་ཐབས་གནང་རྒྱུ་གལ་ཆེ། གལ་ཏེ་སློབ་གྲྭའི་ནང་སློབ་ཕྲུག་དགེ་ལས་སུ་ལའང་ནད་རྟགས་མངོན་ཚེ་ངེས་པར་འགོག་དབྱེ་ཟུར་བཀག་ཐོག་འཇོག་རྒྱུ་དང་། རྒྱ་གར་གཞུང་གི་ས་གནས་སམ་རྫོང་གི་སྨན་ཁང་ལ་འབྲེལ་བ་གནང་རྒྱུ།
དེ་བཞིན་བོད་རིགས་སློབ་མ་ཡིན་ཚེ་འཕྲོད་བསྟེན་ལས་ཁུངས་སུ་ན་ལུགས་གནས་སྟངས་སོགས་གསུངས་དགོས་གལ་ཆེ་བ་ཡིན། སློབ་གྲྭ་དངོས་སུ་ཚུགས་སྐབས་སློབ་མ་རྣམས་ནས་ཁ་རས་གྱོན་རྒྱུ། འཛིན་ཁང་སྒོ་ཁར་དུག་སེལ་སྨན་ཆུ་འཇོག་རྒྱུ། སློབ་ཕྲུག་དབར་རྒྱང་ཐག་འཇོག་རྒྱུ་སོགས་སྔོན་འགོག་ཐབས་ལམ་གནང་གལ་ཆེ། མཐོ་སློབ་དང་དགོན་སྡེ་གྲྭ་ཚང་གི་སློབ་གྲྭ་རྣམས་ནས་ཀྱང་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་གལ་ཆེ་བ་དང་། ལྷག་པར་དགེ་རྒན་གང་ཞིག་ལོ་ ༦༠ བརྒལ་བ་ཡིན་ཚེ་དམིགས་བསལ་ཐུགས་སྣང་དང་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པའི་གཟབ་གཟབ་གནང་གལ་ཆེ། དེ་བཞིན་ལག་ཤེས་སློབ་གྲྭ་རྣམས་ནས་ཀྱང་རྒྱ་གར་གཞུང་གི་ལམ་སྟོན་ལྟར་གནང་རྒྱུ་གལ་ཆེ། གཞན་ཡང་རྒྱ་གར་གཞུང་གི་ལམ་སྟོན་ལྟར་ཆོས་ཕྱོགས་དང་ཤེས་རིག རིག་གཞུང་ཁྲབ་སྟོན་དང་ཆབ་སྲིད་སོགས་འདུ་འཛོམས་རིགས་ལ་མི་བརྒྱ་དང་། གཉེན་སྒྲིག་དང་དུར་བསྲེག་གི་ལས་དོན་ཆེད་མི་གྲངས་གཏན་འབེབས་ཡོད་པ་བཞིན་གནང་དགོས་པ་ལས་དེ་ལས་ལྷག་འདུ་འཛོམས་མི་ཆོག་པ་དང་། སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པའི་ལམ་སྟོན་ཡོད་པ་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ནང་དུའང་དེ་དོན་མུ་མཐུན་ལག་བསྟར་གནང་གལ་ཆེ།
རྒྱ་གར་ནང་དམ་བསྒྲགས་ཆེ་སའི་ས་ཁུལ་ Containment zone ནང་བོད་མིའི་གཞིས་ཆགས་ཚུད་ཡོད་ཚེ་གཞིས་ཆགས་དེའི་ཕྱི་ལ་བཞུགས་པའི་བོད་མི་རྣམས་ནས་བཟའ་བཅའ་སོགས་མཐུན་འགྱུར་རོགས་ཕན་བྱ་གལ་ཆེ། ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་བཞི་པ་དང་ལྔ་པ་ཕྱེ་བ་དང་འབྲེལ་ཟླ་འདིའི་ཚེས་ ༡༥ ནས་སློབ་གྲྭ་སྒོ་ཕྱེ་རྒྱུ་ཡིན་ཞིང་མངའ་སྡེ་དང་རྫོང་སོ་སོའི་གནས་སྟངས་ལ་བལྟས་ནས་སློབ་གྲྭ་སྒོ་ཚུགས་མིན་ས་གནས་སོ་སོའི་ལས་ཁུངས་ནས་འབྲེལ་བ་གནང་གི་རེད་ལ་སློབ་གྲྭ་སོ་སོའི་ངོས་ནས་གྲ་སྒྲིག་གནང་གལ་ཆེ། ཁྱོན་ཡོངས་ནས་ད་ཆ་ནད་ཡམས་འདི་དང་འབྲེལ་ལོ་ན་བགྲེས་པ་རྣམས་དང་། རྒྱུན་དུ་གཟུགས་པོ་གཅོང་པོ་དང་། བུད་མེད་སྦྲུམ་དང་བྱིས་པ་ལོ་ ༡༠ མན། དེ་བཞིན་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ནས་ཕྱིར་སྨན་བཅོས་སོགས་དོན་གལ་ཆེ་བ་ལས་གཞན་དོན་མེད་ཕྱིར་མ་ཕེབས་རོགས་གནང་ཞེས་ཡང་ནས་ཡང་དུ་ནན་སྐུལ་ཞུ་རྒྱུ་ཡིན།
རྒྱ་གར་གཞུང་གི་ལམ་སྟོན་ལྟར་ Arogya Setu མཉེན་ཆས་དེ་མི་སོ་སོས་ཕབ་ལེན་གྱིས་ས་གནས་གི་གནས་སྟངས་གནས་ཚུལ་རྟོགས་རྒྱུ་གལ་ཆེ། གནད་དོན་གཉིས་པ་དེ་ད་ཆ་རྒྱ་གར་ནང་ཕར་འགྲོ་ཚུར་འོང་འགྲུལ་བཞུད་སྒོ་ཚུགས་པས་དེ་འདྲའི་བརྒྱུད་རིམ་ནང་བོད་མི་རྣམས་ལ་ནད་གཞི་འདི་འགོས་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་ཡི་ཡོད་པ་མངོན་གསལ་རེད། དེ་འདྲའི་གནས་སྟངས་ལ་ནད་གཞི་ཕོག་པ་རྣམས་དང་འབྲེལ་གཏུག་བྱུང་བའི་མི་རྣམས་རྩད་གཅོད་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་རྩད་གཅོད་བྱས་རྗེས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་རྒྱུ་དང་། དེ་ནས་བརྟག་དཔྱད་བྱེད་པ་བརྒྱུད་ནད་གཞི་ཕོག་མིན་ཞིབ་རྟོགས་གནང་རྒྱུ་རེད། འབྲེལ་གཏུག་རྩད་གཅོད་དང་འབྲེལ་འདི་ནས་རྡ་ས་ཁུལ་གྱི་ལས་བྱེད་དང་ཚོགས་པ་ཁག་བཅས་མི་ ༢༥ ལ་ཟབ་སྦྱོང་ཕུལ་ཟིན་པ་དང་། བོད་མིའི་གཞིས་ཆགས་དང་ཁ་ཐོར་ས་ཁུལ་གྲངས་ ༢༦ ནང་སྨན་ཞབས་གྲངས་ ༢༦ ལ་ཟབ་སྦྱོང་ལེགས་གྲུབ་ཟིན།
འདི་ནས་ད་དུང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ལའང་ཟབ་སྦྱོང་འབུལ་འཆར་ཡོད། འབྲེལ་གཏུག་རྩད་གཅོད་གནང་རྒྱུ་ནི་སྒྲིག་འཛུགས་ངོས་ནས་ཤིན་ཏུ་གལ་གནད་ཆེ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་སྔ་དཀའ་ལས་བརྒྱབ་རྗེས་ད་ཆ་ལྷོད་གཡེང་ཕྱིན་ན་བོད་པའི་གཏམ་དཔེར། ཚེ་གང་བསྒྲུབ་པ་བརྒྱབ་པ་དེ། ཞོགས་ཀ་གཡང་ལ་གཡུག་པ་བཞིན། ཞེས་པ་ལྟར་དབུས་ས་གང་དུའང་འབྲེལ་ཡོད་ཚང་མས་མུ་མཐུད་ནས་འགན་འཁུར་གནང་རྒྱུ་ཤིན་ཏུ་གལ་ཆེ། དོན་གནད་གསུམ་པ་དེ་ད་ཆ་རྒྱ་གར་ནང་བརྟག་དཔྱད་བྱེད་རྒྱུའི་མཐུན་འགྱུར་ཡག་ཏུ་འགྲོ་བཞིན་བརྟག་དཔྱད་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་བོད་མིའི་འདུ་སྡོད་ཁག་གཅིག་ནང་བརྟག་དཔྱད་བྱེད་དགོས་ཞེས་བརྗོད་དུས་ཞེད་སྣང་བྱེད་མཁན་ཡོད་པ་འདྲ། དེ་འདྲའི་ཞེད་སྣང་གནང་དགོས་ཀྱི་མེད། འདི་ག་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཀྱང་བརྟག་དཔྱད་ཐེངས་གཉིས་ཙམ་བྱས་ཟིན་ལ་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱང་བརྟག་དཔྱད་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་རེད་དེ་མཐུན་རྐྱེན་མ་འདང་ནས་ལྷག་ཡོད། དེའི་ཐོག་ཞེད་སྣང་གནང་མི་དགོས། དེའི་རྒྱུ་མཚན་ནི་དེང་སང་སྨན་གྱི་དུས་དེབ་ནང་ནད་འབུ་གཉན་སྲིན་འདིས་ཟིན་པའི་སྐབས་ནད་རྟགས་ཚབས་ཆེ་མེད་པར་དྲག་སྐྱེད་འགྲོ་ཡི་ཡོད་ཀྱང་དེས་ནང་གི་དོན་སྣོད་གློ་སྙིང་སོགས་ལ་གནོད་འཚེ་བྱེད་ཀྱི་ཡོད་པས་དེའི་ཤུགས་རྐྱེན་གྱིས་མིའི་ཚེ་སྲོག་ཐུང་དུ་འགྲོ་རྒྱུ་ཡིན་པས་བོད་མི་རྒན་གཞོན་ཚང་མས་གཟབ་གཟབ་གནང་གལ་ཆེ། དེར་བརྟེན་བརྟག་དཔྱད་བྱེད་པ་ལས་ནད་གཞི་ཕོག་པ་སྔོན་ཚུད་ནས་བརྟག་དཔྱད་ཤེས་རྟོགས་ཐུབ་པ་དང་། དེས་སྨན་བཅོས་དུས་ཐོག་ཡོང་རྒྱུར་ཁེ་ཕན་ཡོད་པ་དང་། ཡང་ནད་གཞི་ཕོག་མེད་པ་རྣམས་ལའང་དེ་མཚུངས་སྔོན་འགོག་ཐོག་ཤུགས་བརྒྱག་རྒྱུར་ཕན་ཐོགས་ཡོད། དེ་ཡིན་དུས་མང་ཚོགས་ནས་དེའི་ཐོག་དངངས་ཚབ་མ་གནང་བའི་རེ་སྐུལ་ཞུས་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུ་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༧༢༢ ༼རང་ཁྱིམ། ༣༡༠ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༤༡༢ དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༧༢༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བོད་མིའི་གཞིས་ཆགས་ཁུལ་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཁོངས་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༣༣ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༣ ནང་ཁྱོན་མི་གྲངས་ ༦༤༠༥ བརྟག་དཔྱད་གནང་ཐུབ་པ་དང་། གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༨༨༨ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་བ། སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་རྣམས་ལ་ཁ་པར་ཐོག་འབྲེལ་བ་གནང་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ ༢༠ ནང་འགོག་དབྱེ་ཟུར་བཀག་ཐོག་བཞུགས་པའི་མི་གྲངས་ ༡༠༠ ལ་ཁ་པར་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད། དེ་བཞིན་གསོ་རིག་ལུས་སེམས་ནུས་གསོ་འབྲེལ་ད་བར་ཁྱོན་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༣༧༥ དང་། རྒྱ་བལ་འབྲུམ་གསུམ་ནང་བཞུགས་མཁན་དགུང་ན་ ༦༠ མི་གྲངས་ ༩༦༦༨ འཕྲོད་ལས་པ་སོགས་མདུན་ལ་ཞབས་ཞུ་བསྒྲུབ་མཁན་མི་གྲངས་ ༡༦༠༨ ཁྲག་ཤེད་སོགས་བླ་གཉན་ནད་གཞི་ཡོད་པ་མི་གྲངས་ ༣༨༩༠ ཕྱི་ཡི་རྒྱལ་ཁབ་གྲངས་ ༡༤ ཙམ་ལ་བོད་སྨན་གྲངས་ ༢༦༡༠ བཅས་ཁྱོན་བསྡོམས་གསོ་རིག་ལུས་སེམས་ནུས་གསོའི་སྨན་གྲངས་ ༢༡༡༥༡ ༼ཉི་ཁྲི་ཆིག་སྟོང་བརྒྱ་དང་ལྔ་བཅུ་ང་གཅིག༽ཐམ་པ་རིན་མེད་བགོ་འགྲེམས་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་འདི་ག་རྡ་ས་ཁུལ་དུ་ད་བ་ར་ཁྱོན་མི་གྲངས་ ༦༩༧༼སྐྱེས་པ། ༤༡༡ བུད་མེད་ ༢༨༦༽ བརྟག་དཔྱད་ཟིན་ཡོད། དེའི་ནང་ནས་ཉེ་བའི་ཟླ་ ༩་ཚེས་ ༢༥ ཉིན་མི་གྲངས་ ༣༥ བརྟག་དཔྱད་བྱས་པ་ལས་མི་སུ་ཞིག་ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༦ བྱུང་། ཞིབ་ཕྲ་ནི། སོ་ན་ཌ་ཁུལ་ནས་མི་གྲངས། ༢ ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་མི་གྲངས། ༡ ཅོན་ཏ་ར་ནས་མི་གྲངས། ༢ ལྡི་ལི་ཁུལ་ནས་མི་གྲངས། ༤ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༤ བསྟན་འཛིན་སྒང་གཞིས་ཆགས་ནས་མི་གྲངས། ༡ མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་མི་གྲངས། ༢ མེན་པཊ་ཕན་བདེ་གླིང་གཞིས་ཆགས་ནས་མི་གྲངས། ༡ ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་གྲངས། ༡ མོན་གྷོ་གཞིས་ཆགས་ནས་མི་གྲངས། ༡༣ ཨོ་རི་ས་གཞིས་ཆགས་ནས་མི་གྲངས། ༢ རཱ་ཇི་པུར་ཁུལ་ནས་མི་གྲངས། ༡ ལྡེ་ར་ལྡུན་ནས་མི་གྲངས། ༡ ལ་དྭགས་ཁུལ་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༣༦ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༢༨ དང་། བུད་མེད་གྲངས་ ༨ དེ་བཞིན་ནད་རྟགས་ཡོད་པ་མི་གྲངས་ ༢༣ ནད་རྟགས་མེད་པ་གྲངས་ ༡༣ ནད་གཞི་ཕོག་པ་མང་ཆེ་བ་ཚོགས་སྡེའམ་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་ནང་གསོ་བཅོས་བྱེད་བཞིན་པ་ཁག་ཅིག་རྒྱ་གར་གཞུང་གི་ས་གནས་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་གྲངས་ ༣༦ ནས་དགུང་ན་མཐོ་ཤོས་དེ་ ༨༤ དང་ཆུང་ཤོས་ལོ་ ༡༩ ཡིན་པ་རེད། ད་ཆ་ནད་གཞི་ཕོག་པ་རྣམས་ཟུར་བཀག་ཐོག་ནན་པོ་བཞུགས་བསྡད་ཡོད། བློ་ཕམ་པའི་གནས་ཚུལ་དུ། འདས་པའི་བདུན་ཕྲག་ནང་སོ་ན་ཌ་ཁུལ་ནས་སྐྱེས་པ་དགུང་ན་ ༨༠ སོན་པ་ཞིག་དང་མོན་གྷོ་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༨༤ སོན་པ་བཅས་མི་གཉིས་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
ད་ཆ་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཕྲན་བསྡོམས་གྲངས་ ༢༣༥ ཙམ་ནང་ཁྱོན་མི་གྲངས་མི་ས་ཡ་ ༣༣(33502430) ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་ ༡༠ ལྷག་ (1004421) ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༦༢ (6225763) ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་ ༩ (97497-1.57%) ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་འབུམ་ ༥༡(5187825-83.33%) ལྷག་དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་འབུམ་ ༩ (940441-15.11%) ལྷག་ནད་མནར་བཞིན་པ་དང་། ཉིན་ཅིག་ཏེ་འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ཁྲི་བརྒྱད་ལྷག་ (80472) ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པས་རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༧༤༡ (74196792) ལྷག་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་ ༡༠ (1086688) ལ་བརྟག་དཔྱད་གནང་བ་བྱུང་འདུག
ད་ཆ་བོད་པའི་སྤྱི་ཚོགས་ནང་དུའང་ནད་གཞི་ཕོག་པའི་གྲངས་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་བའི་ཆར་བོད་ཀྱི་གསོ་བ་རིག་པའི་སྨན་པ་སྐུ་བགྲེས་པ་གཅིག་གི་ནད་པར་གསོ་བཅོས་གནང་བའི་སྨན་ཤོག་ཤིག་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་བའི་ནང་བཏང་ནས་བོད་སྨན་འདི་གཏང་ན་ཏོག་དབྱིབས་གཉན་རིམས་ ༡༩ སེང་དྲག་འགྲོ་ཡི་ཡོད་པའི་གནས་ཚུལ་བརྒྱུད་བསྒྲགས་བྱེད་བཞིན་འདུག་པས་གསོ་བ་རིག་པའི་སྨན་དེ་ནད་གཞིའི་ངོ་བོ། ནད་པའི་ཁམས། བླ་གཉན་གྱི་ནད་གཞན་ཡོད་མེད། སྨན་འཕྲོད་མིན་སོགས་གནས་སྟངས་དང་སྨན་གཏོང་ཚུལ་ཆོས་བཅུ་ཡོད་པ་ཚང་མར་ལྟ་ཞིབ་བརྟག་དཔྱད་བྱེད་པའི་ཐོག་ནད་པར་སྨན་བཅོས་བྱེད་བཞིན་ཡོད་པས་སྨན་ཤོག་བཀྲམ་པ་དེས་ནད་པ་བྱེ་བྲག་ལ་དམིགས་པའི་གསོ་བཅོས་ཀྱི་སྨན་ཡིན་པ་ལས་དེ་ནད་རྟགས་ཡོད་མེད་ལ་མ་ལྟོས་པར་ཚང་མས་གཅིག་བསྟེན་པ་ཡིན་ན་ཁག་གཅིག་ལ་ཕན་པ་ལས་གནོད་པ་དང་ཟུར་ཕོག་ཀྱང་ཡོང་སྲིད་པས་ཚང་མས་ཡིད་གཟབ་གནང་དགོས།
གཙོ་ཆེ་ཤོས་རྒྱ་གར་ནང་ཡིན་ན་ས་གནས་ས་ཐོག་ཏུ་ཛ་དྲག་ཚོགས་ཆུང་ཡོད་པས་ཚོགས་ཆུང་ནང་གསོ་བ་རིག་པའི་སྨན་པས་ས་ཐོག་ཏུ་ནད་གཞི་ཕོག་པ་རྣམས་ལ་གསོ་བཅོས་གནང་བཞིན་ཡོད་པས་ས་གནས་ས་ཐོག་ཏུ་སྨན་པར་ཁ་པར་ཐོག་བསྟེན་གཏུག་གནང་བའི་ཐོག་བོད་སྨན་གྱིས་གསོ་བཅོས་གནང་གལ་ཆེ་བ་ནན་སྐུལ་ཞུ་རྒྱུ་ཡིན། ནད་གཞི་སྔོན་འགོག་གི་ཐབས་ལམ་དུ་ཟས་སུ་སྔོ་ཚལ་དང་། ཤིང་ཏོག འོ་མ་དང་སྒོ་ང་སོགས་བཅུད་ལྡན་གྱི་ཟས། བཏུང་བའི་ནང་ཆུ་འཁོལ་ནང་སྒ་སྨུག་དང་སྦྲང་རྩི་བླུག་ནས་བསྟེན་པ། དེ་བཞིན་འོ་མ་དང་ཆ་འཁོལ་ནང་སྒ་སེར་བླུག་ནས་སྔ་དྲོ་ལྟོ་སྟོང་སྐབས་བསྟེན་པ། ཟ་མའི་ནང་ཟི་ར་དང་ཤིང་མངར་དང་སུག་སྨེལ་ཀ་ཀོ་ལ་སོགས་བསྟེན་རྒྱུ་གལ་ཆེ། སྤྱོད་ལམ་དུ་སྔ་དགོང་མི་རྔུལ་ཙམ་བཅག་པ། གཉིད་འདང་ངེས་དང་དུས་ཐོག་ཁུག་རྒྱུ། ལྟོ་སྟོང་ལ་མ་བཞུགས་པར་དུས་ཐོག་ཟས་བསྟེན་རྒྱུ་ནི་སྔོན་འགོག་ཐབས་ལམ་གཙོ་བོ་དེ་ཚོ་ཡིན། དོན་ཚན་གཞན་ཞིག་ཞུ་རྒྱུར། རྒྱ་གར་ནང་ཁུལ་འགྲུལ་བཞུད་བྱེད་པའི་སྐབས་མངའ་སྡེ་གཅིག་ནས་གཅིག་ནང་འཛུལ་སྐབས་བརྟག་དཔྱད་བྱེད་བཞིན་ཡོད་པས་བརྟག་དཔྱད་བྱེད་སར་ཡུལ་མི་མང་པོ་གཅིག་གིས་ཁ་རས་མ་གྱོན་པ་དང་རྒྱང་ཐག་མ་འཇོག་པ་སོགས་སྔོན་འགོག་ཐབས་ལམ་རྩ་ནས་མ་བསྟེན་པས་བོད་མི་ཁ་ཅིག་ལ་ནད་གཞི་དེ་འདྲའི་ངང་འགོས་འདུག་ན་དེ་འདྲའི་སྐབས་སུ་གཟབ་གཟབ་གནང་གལ་ཆེ་བ་དང་།
ཡང་ཉེན་ཁ་ཆུང་བ་ནི་ཉེན་ཁ་མེད་པ་མིན། ཞེས་དེ་སྔ་གྱང་སྦྱར་ཞིག་འགྲེམས་སྤེལ་ཞུས་ཡོདན་ན་དེའང་བོད་མིའི་འདུ་སྡོད་ས་ཁུལ་དེ་ཉེན་ཁ་ཆུང་ཆུང་ཡང་ཉེན་ཁ་མེད་པ་མིན་ཞིང་ལྷག་པར་བོད་མི་རྣམས་ད་ཆ་འཚོ་བའི་ཆེད་ཚོང་རྒྱག་ཏུ་འགྲོ་དགོས་པ་དང་། དེ་བཞིན་ཞིང་པ་རྣམས་སོ་སོའི་ཞིང་ཁའི་ལོ་ཏོག་ཞོ་ཁོག་དང་འབྲས་གྲོ་སོགས་ཕྱིར་བཙོང་དུ་འགྲོ་དགོས་པས་ཕྱིར་བསྐྱོད་སའི་ས་ཁུལ་དེར་ནད་གཞི་ཁྱབ་གདལ་ཆེ་བའི་ས་ཁུལ་ཡིན་ཚེ་ན་ཚ་འགོས་ཉེན་ཤིན་ཏུ་ཆེ་བས་དེ་སྐབས་གཟབ་གཟབ་གནང་གལ་ཆེ་དང་། ད་ཆ་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་འདིར་ཚོགས་སྒེར་ཚང་མས་སྐུ་ན་བགྲེས་པ་རྣམས་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བས་ཚང་མས་ཐུགས་འགན་བཞེས་རྒྱུ་གལ་ཆེ། ལོ་ན་བགྲེས་གཞོན་མེད་པར་མི་སུ་ལའང་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་ནད་རིགས་ཡོད་པ་ཚང་མས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་དུས་ཚོད་རང་འགན་རང་འཁུར་ཐོག་གཟབ་གཟབ་གནང་རྒྱུ་ཧ་ཅང་གལ་ཆེ། མཐའ་དོན་གཉན་སྲིན་ནད་འབུ་དེ་སོ་སོའི་ནང་དུ་ཡོང་གི་མེད་ལ་སོ་སོ་ཕྱིར་འགྲུལ་བཞུད་བྱས་པ་ལས་གཉན་སྲིན་ནད་འབུ་དེ་ནང་དུ་འཁྱེར་ཡོང་གི་ཡོད་པས་ཚང་མས་དོན་མེད་ཕྱིར་འགྲུལ་བཞུད་ལ་འཛེམ་དགོས། ང་ཚོས་ནད་འབུར་ཁ་གཏད་གཅོག་པ་ལས་ནད་འབུས་ང་ཚོར་གནོད་འཚེ་བྱེད་མ་ཐུབ་པར་ང་ཚོའི་ངོས་ནས་སྤྱང་གྲུང་གནང་དགོས་པའི་ལམ་སྟོན་གནང་།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ནས་མང་ཚོགས་ལ་དྲན་སྐུལ་ཚུལ་དུ། ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་ལྔ་པ་ཕྱེ་བའི་ནང་ཟླ་འདིའི་ཚེས་༡༥ ནས་སློབ་གྲྭ་དང་ལྟས་མོ་ཁང་སོགས་སྒོ་ཕྱེ་རྒྱུ་རེད། དེ་ནི་རྒྱ་གར་ནང་ནད་ཡམས་ཛ་དྲག་ཆུང་དུ་འགྲོ་བའི་གནས་སྟངས་མིན་པར་རྒྱ་གར་ནང་ཉིན་རེར་མི་སྟོང་ཕྲག་བརྒྱད་བཅུ་ལྷག་ན་བཞིན་ཡོད། དེ་ནི་རྒྱལ་ཁབ་དང་ཡུལ་མིའི་དཔལ་འབྱོར་གནས་སྟངས་ལས་སྒོ་ཕྱེ་དགོས་ཆགས་ཀྱི་ཡོད། སྒོ་རྒྱ་ལྷོད་གཡེང་དང་ཆབས་ཅིག་མངའ་སྡེ་གཅིག་ནས་གཅིག་ནང་འགྲོ་བའི་སྐབས་དམིགས་བསལ་ཆོག་མཆན་དང་བརྟག་དཔྱད་ཡིག་ཆ་གང་ཡང་མེད་པའི་ཐོག་འགྲོ་འོང་བྱེད་ཆོག་པའི་གནས་སྟངས་དེ་འདྲའི་འོག་མང་ཚོགས་ནས་ད་དུང་དམིགས་བསལ་གཟབ་གཟབ་གནང་དགོས་པ་གལ་ཆེ། འདས་པའི་བདུན་ཕྲག་གཉིས་ཙམ་ནང་ཧི་མཱ་ཅལ་རྒྱལ་ས་སིམ་ལའི་ནང་འདས་པའི་གཟའ་མཇུག་ནང་མི་གྲངས་སྟོང་དྲུག་ཅུ་ལྷག་ཡུལ་འཁོར་སྤྲོ་འཆམ་ཚུལ་དུ་འགྲོ་འོང་བྱས་ཡོད་པས་ཚང་མས་ཁ་རས་གྱོན་ཡས་སོགས་སྔོན་འགོག་ཐབས་ལམ་མུ་མཐུད་ནས་བསྟེན་དགོས་པ་དང་། དོན་གནད་གཉིས་པ་དེ་ཁང་པའི་ནང་གི་རླུང་འགྲོ་ཡག་པོ་ཡོད་དགོས་གལ་ཆེ། རིང་མིན་ལྟད་མོ་ཁང་སོགས་སྒོ་ཕྱེ་འཆར་འདུག་པས་དེའི་ནང་མི་མང་པོ་འདུ་འཛོམས་དང་ཁང་པའི་རླུང་འགྲོ་ཡག་པོ་མེད་པས་ནད་འགོས་ཉེན་ཧ་ཅང་ཆེ་བས་དེ་འདྲའི་སར་ཕེབས་མ་དགོས་པའི་ལམ་སྟོན་ཞུ་རྒྱུ་ཡིན།
དེ་བཞིན་ལས་ཁུངས་སོགས་མི་མང་པོ་འདུ་འཛོམས་ཡོད་སར་ཁང་པའི་སྒོ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་དགོས་རྒྱུ་གལ་ཆེ། མཐའ་དོན། རྒྱུན་དུ་ལག་པ་ཡང་སེ་འཆང་སའི་སྒོའི་ལག་འཇུ་དང་གློག་སྤར་གསད་ཀྱི་མཐེབ་ཆུང་། ཅོག་རྩའི་སྟེང་གི་ཅ་དངོས་རྣམས་ལག་ཤུབ་གྱོན་ནས་དག་རྫས་ཀྱིས་གཙང་མ་བཀྲུས་རྗེས་དུག་སེལ་སྨན་ཆུ་གཏོར་རྒྱུ་གལ་ཆེ། ཚང་མས་རྒྱུན་དུ་རྣམ་གཡེང་ངམ་ལྷོད་གཡེང་དུ་མ་སོང་བར་སྔོན་འགོག་ཐབས་ལམ་ཚུལ་བཞིན་བསྟེན་པའི་ཐོག་གཟབ་གཟབ་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་པའི་ལམ་སྟོན་གནང་བ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་༢༧ པ་དེ་མཇུག་སྒྲིལ་གནང་ཡོད། །