ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །ཉེ་ལམ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་ནས་བོད་པའི་སྤྱི་ཚོགས་ནང་བུད་མེད་གཙོ་བོར་གྱུར་པའི་ཕོ་མོ་ཡོངས་ལ་ཆགས་སྲེད་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལམ་སྟོན་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དེའི་སྐོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཚེ་བརྟན་ལགས་སུ་བོད་ཀྱི་གསར་འགྱུར་ལས་ཁང་གི་མདོ་འཛིན་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
བོད་ཀྱི་གསར་འགྱུར་ལས་ཁང་། ཉེ་ཆར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་བོད་མི་ཡོངས་ལ་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལམ་སྟོན་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དེའི་ནང་དོན་ངོ་སྤྲོད་དང་འབྲེལ་འདོན་སྤེལ་བྱེད་སྟངས་ཀྱི་རྒྱབ་ལྗོངས་བརྒྱུད་རིམ་སྐོར་གསུང་རོགས།
བསྟན་འཛིན་ཚེ་བརྟན་ལགས། ཕྱི་ལོ་ ༢༠༠༨ ལོར་བཀའ་ཤག་སྐབས་ ༡༣ པས་བོད་པའི་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་གོང་འཕེལ་ཆེད་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད། སྲིད་བྱུས་དེ་ཉིད་ལག་བསྟར་སླད་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་ཞེས་གསར་འཛུགས་གནང་ཡོད། དེ་ནས་ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་སྐབས་ ༡༥ པའི་ལམ་སྟོན་གཞིར་བཟུང་སྲིད་བྱུས་དེ་བསྐྱར་ཞིབ་ཀྱིས་སྲིད་བྱུས་ཀྱི་ནང་དོན་ཁྱབ་ཚད་རྒྱ་ཆེ་རུ་བཏང་བའི་དོན་ཚན་བདུན་ཞིག་ཡོད། དོན་ཚན་བདུན་པའི་ནང་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་བྱེད་དགོས། ཞེས་འཁོད་ཡོད་པར་བརྟེན་བཀའ་ཤག་གི་ལམ་སྟོན་ལྟར་སྲིད་བྱུས་ལག་བསྟར་སླད་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ལས་གཞི་འདྲ་མིན་སྣ་ཚོགས་སྤེལ་ཡོད། དེའི་ནང་ནས་བོད་པའི་སྤྱི་ཚོགས་ཁྲོད་བོད་མི་ཡོངས་ལ་བཙན་གཡེམ་དང་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལས་གཞི་ཆེན་པོ་ཞིག་འགོ་འཛུགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་རྒྱ་གར་དང་བལ་ཡུལ་ཁུལ་དུ་བོད་པའི་བུད་མེད་ཀྱི་གནས་བབ་དཔྱད་ཞིབ་ལྟར་བོད་པའི་བུད་མེད་ཁྲོད་བཙན་གཡེམ་དང་རྩུབ་སྤྱོད་རིགས་བྱུང་གི་ཡོད་སྐོར་ཤེས་རྟོགས་བྱུང་བར་བརྟེན་ཚན་པས་མཁས་ལས་པ་དང་ལྷན་དུ་གནད་དོན་དེའི་ཐོག་ཐབས་བྱུས་སོགས་གོ་བསྡུར་གྱིས་མཐར་བོད་པའི་སྤྱི་ཚོགས་ཁྲོད་རྩུབ་སྤྱོད་རིགས་འགོག་ཐབས་སླད་ལམ་སྟོན་དཔེ་དབེ་ཞིག་དགོས་ཀྱི་ཡོད་པ་གོ་རྟོགས་དང་ར་འཕྲོད་བྱུང་སོང་།
ཕྱི་ལོ ༢༠༡༨ ལོར་ལམ་སྟོན་དཔེ་དེབ་ཀྱི་ཟིན་བྲིས་ཐད་ལས་དོན་འགོ་འཛུགས་གནང་བ་དང་། ལོ་གཉིས་ཀྱི་ནང་ཚུད་གོང་གི་གནད་དོན་ཐོག་ཚོགས་འདུ་ཐེངས་གཉིས་གོ་སྒྲིག་གནང་ཡོད། སྐབས་དེར་ལས་ཁུངས་ཁག་གི་འཆར་འགོད་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་ཀྱིས་ལམ་སྟོན་དཔེ་དེབ་ཐོག་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་བསམ་ཚུལ་བསྡུ་ལེན་གྱིས་ད་ཆ་ལམ་སྟོན་དཔེ་དེབ་ཐོག་བསམ་ཚུལ་རྣམས་འཁོད་ཡོད། ལམ་སྟོན་དཔེ་དེབ་ཀྱི་ཟིན་བྲིན་རྣམས་ཐེངས་མང་བསྐྱར་ཞིབ་གནང་རྗེས་མཐར་བཀའ་ཤག་ཏུ་ཕུལ་ཏེ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་ལམ་སྟོན་དཔེ་དེབ་དེ་ཉིད་དབུ་འབྱེད་དང་འགྲེམས་སྤེལ་ཞུས་ཡོད།
བོད་ཀྱི་གསར་འགྱུར་ལས་ཁང་། དུས་རྒྱུན་ང་ཚོས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་ཞེས་བཤད་པའི་སྐབས་ལམ་སང་བུད་མེད་ཁོ་ན་མ་གཏོགས་འབྲེལ་བ་མེད་སྐོར་བསམ་གྱི་ཡོད། ད་རེས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་འདོན་སྤེལ་གནང་བའི་ལམ་སྟོན་དཔེ་དེབ་དེ་བཞིན་བུད་མེད་གཅིག་པོར་མིན་པ་སྐྱེས་པ་ལའང་འབྲེལ་བ་ཆགས་ཀྱི་འདུག དཔེ་དེབ་དེའི་ནང་དོན་དང་བརྗོད་བྱ་གཙོ་བོ་གང་ཡིན་སྐོར་ཐད་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།
བསྟན་འཛིན་ཚེ་བརྟན་ལགས། གོང་གི་ལམ་སྟོན་དཔེ་དེབ་འདི་བཞིན་བུད་མེད་གཅིག་པོར་མིན་པ་སྐྱེས་པ་དང་མ་ནིང་བཅས་ལའང་ཁྱབ་ཀྱི་ཡོད། ལམ་སྟོན་དཔེ་དེབ་དེའི་བརྗོད་བྱ་གཙོ་བོ་ནི། བཙན་གཡེམ་དང་རྩུབ་སྤྱོད། སུན་གཙེར་རིགས་ལ་དོ་སྣང་བྱས་ནས་ལམ་སྟོན་དཔེ་དེབ་བཟོ་སྒྲིག་ཞུས་པ་རེད། དཔེ་དེབ་དེར་ནང་དོན་སྡེ་ཚན་བཞི་ཡོད། དང་པོ་བཙན་གཡེམ་དང་རྩུབ་སྤྱོད། སུན་གཙེར། བརྙས་བཅོས་སོགས་ཀྱི་གོ་དོན་སྐོར་གསལ་བཤད་བྱས་ཡོད། གང་ལ་ཟེར་ན། མི་མང་པོ་ཞིག་གིས་ཕོ་མོའི་དབྱེ་བ་ལ་བརྟེན་ནས་འཚེ་བའམ་བཙན་གཡེམ་དང་རྩུབ་སྤྱོད་ཟེར་དུས་ལམ་སེང་བུད་མེད་ཅིག་ལ་བྱུང་ཡོད་པའི་ཚོར་བ་ཤུགས་ཆེན་པོ་ཡོད། འོན་ཀྱང་ཚང་མའི་མཁྱེན་གསལ་ལྟར་རྩུབ་སྤྱོད་དང་བྱ་སྤྱོད་ངན་རིགས་བུད་མེད་ཁོ་ན་མིན་པར་ཕྲུ་གུ་དང་མི་རྒན་པ། དབང་པོ་སྐྱོན་ཅན་སོགས་ལའང་འབྱུང་གི་ཡོད་སྟབས་དེ་དག་གི་གོ་དོན་རྣམས་ཞིབ་ཕྲ་འཁོད་ཡོད། གནད་དོན་དེའི་ཐོག་ལས་དོན་བྱེད་ཡོང་སྐབས་ལས་ཀ་བྱེད་མཁན་ངོས་ནས་དམིགས་ཡུལ་གཙོ་བོ་བཞིའི་ཐོག་ནས་ལས་ཀ་བྱེད་དགོས། ཐོག་མར་གནད་དོན་དེའི་ཐད་དཀའ་ངལ་འཕྲད་མཁན་རྣམས་ལ་དོ་སྣང་བྱས་ཏེ་སྨན་བཅོས་དང་ཁྲིམས། དེ་བཞིན་སེམས་ཁམས་འཕྲོད་བསྟེན་ཐོག་ནས་ལམ་སྟོན་དང་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད།
གཉིས་པ་ཕོ་མོ་དབྱེར་མེད་ཐོག་ནས་སྤྱི་ཚོགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་དགོས་པའི་ལྟ་ཕྱོགས་ནན་པོ་བཟུང་དགོས། གསུམ་པ་ཕོ་མོ་དབྱེར་མེད་རྒན་གཞོན་བར་གསུམ་ཚང་མས་དོ་སྣང་བྱས་ཏེ་ལས་དོན་སྤེལ་དགོས། བཞི་པ་གནད་དོན་དེའི་ཐོག་ལས་དོན་བྱེད་མཁན་ཚོའི་དེའི་ཐོག་ལ་ཤེས་བྱ་དང་ནུས་པ་ཚགས་ཚུད་ཡོང་ཆེད་ང་ཚོས་དོ་སྣང་བྱེད་དགོས། ཕོ་མོ་དབྱེ་འབྱེད་ལ་བརྟེན་ནས་འཚེ་བ་བྱུང་སྟངས་ཐོག་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་དབུས་གཞུང་། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་གོང་གི་གནད་དོན་ཐད་ལྟ་ཕྱོགས་ཇི་ལྟར་ཡོད་སྐོར་གསལ་བཤད་གནང་ཡོད། དཔེ་དེབ་དེའི་ནང་དཀའ་ངལ་འཕྲད་པ་རྣམས་ལ་ཇི་ལྟར་རོགས་སྐྱོར་བྱེད་དགོས་པ་དང་། ཐབས་ལམ་དང་སྔོན་འགོག་གི་ཐོག་ལའང་འགྲེལ་བཤད་བརྒྱབ་ཡོད།
བོད་ཀྱི་གསར་འགྱུར་ལས་ཁང་། གོང་དུ་དཔེ་དེབ་ཀྱི་སྐོར་ངོ་སྤྲོད་ཞུས་པའི་སྐབས་བུད་མེད་ནུས་སྟོབས་ཚན་པ་ཐོག་མར་གསར་འཛུགས་གནང་སྟངས་ཐད་གསུངས་སོང་། དུས་རྒྱུན་བཙན་བྱོལ་བུད་མེད་གནས་སྟངས་དང་འབྲེལ་མང་ཚོགས་ལ་ཞབས་ཞུ་དང་ཟབ་སྦྱོང་སོགས་གནང་བཞིན་ཡོད་ནའང་། ད་རེས་ལམ་སྟོན་དཔེ་དེབ་འདི་འདོན་སྤེལ་བྱེད་དགོས་པའི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད། ལས་དོན་གང་ཞིག་སྤེལ་བ་ཡིན་ནའང་དམིགས་ཡུལ་ཆེན་པོ་ཞིག་བཟུང་དགོས། ཐེངས་འདིར་དཔེ་དེབ་དེས་བརྒྱུད་དམིགས་ཡུལ་དང་རེ་བ་གང་ཡོད་དམ།
བསྟན་འཛིན་ཚེ་བརྟན་ལགས། སྤྱིར་རེ་བ་དང་དམིགས་ཡུལ་མང་པོ་ཡོད། འོན་ཀྱང་དམིགས་ཡུལ་གསུམ་གྱི་ཐོག་ནས་མདོར་བསྡུས་ནས་ཞུ་ན། དང་པོ། བོད་པའི་སྤྱི་ཚོགས་ཁྲོད་དཔལ་ལྡན་བཀའ་ཤག་གི་རེ་བ་དང་ཚན་པའི་ངོས་ནས་དཀའ་ངལ་དེ་རིགས་མི་ཡོང་བ་དང་། གལ་ཏེ་དཀའ་ངལ་འབྱུང་ཚེ་ཁྲིམས་དང་གང་ཅིའི་ཐད་ནས་རོགས་སྐྱོར་ཞུ་རྒྱུ་དེ་ཡིན། དཀའ་ངལ་དེ་རིགས་མཐོང་ཆུང་མི་བཏང་བ་དང་དོ་སྣང་བྱེད་དགོས་པ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་གནད་དོན་དེ་རིགས་མི་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།
བོད་ཀྱི་གསར་འགྱུར་ལས་ཁང་། ལམ་སྟོན་དཔེ་དེབ་འདི་ཁྲིམས་ཀྱི་ཐོག་ནས་ཁྱབ་ཚད་དང་། ས་གནས་ཡུལ་ཁྲིམས་དང་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འདོན་སྤེལ་ཟིན་པའི་ལམ་སྟོན་དཔེ་དེབ་དབར་འབྲེལ་བ་ཇི་ལྟར་ཡོད་དམ།
བསྟན་འཛིན་ཚེ་བརྟན་ལགས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལངས་ཕྱོགས་ནི་བོད་མིའི་ཁྲོད་རྩུབ་སྤྱོད་སོགས་བྱ་སྤྱོད་ངན་པ་རིགས་རྩ་བ་ནས་མེད་པ་བཟོ་རྒྱུ་དང་། གལ་ཏེ་དེ་ལྟ་བུའི་གནས་ཚུལ་འབྱུང་ཚེ་བཟོད་བྲལ་སྲིད་བྱུས་ལག་བསྟར་གནང་རྒྱུ་ཡིན། ལམ་སྟོན་དཔེ་དེབ་འདི་བཞིན་རྒྱ་གར་གྱི་ཁྲིམས་ལ་གཞིར་བཞག་པའི་ཐོག་ནས་བཟོ་སྒྲིག་གནང་ཡོད། རྩུབ་སྤྱོད་སོགས་བྱ་སྤྱོད་ངན་པ་དེ་དག་རྒྱ་གར་གྱི་ཁྲིམས་ནང་གསལ་ལྟར་ཁྲིམས་འགལ་ཡིན་པ་གསལ་ཡོད། ཁྲིམས་ནང་ Civil case དང་ Criminal case གཉིས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། བོད་མི་སུ་འདྲ་ཞིག་ས་གནས་གང་དུ་གནས་ཀྱང་ས་གནས་དེའི་ཡུལ་ཁྲིམས་ལ་བརྩི་བཀུར་ཞུས་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལའང་བརྩི་བཀུར་ཞུས་དགོས། ཞེས་འཁོད་ཡོད་པ་ལྟར་ལག་བསྟར་བྱེད་དགོས། ལམ་སྟོན་དཔེ་དེབ་དེའི་ཁྱབ་ཚད་ནི་རྒྱ་གར་དབུས་གཞུང་གིས་ཁྲིམས་ཀྱི་ཐོག་ནས་གནང་ཕྱོགས་ལྟར་གོ་ཡི་ཡོད། དཔེར་ན། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་དབུས་གཞུང་གིས་ The Protection of Children from Sexual Offences Act, 2012 ཞེས་པའི་ཁྲིམས་གཏན་འབེབས་གནང་ཡོད། སློབ་གྲྭ་ཁག་གི་ནང་དེ་དང་འབྲེལ་བའི་ཚོགས་ཆུང་བཙུགས་དགོས་པ་དང་། གལ་ཏེ་སློབ་གྲྭ་ཁག་ཏུ་དེ་འབྲེལ་གནས་ཚུལ་འབྱུང་ཚེ་ངེས་པར་དུ་ཉེན་རྟོག་པར་ཞུ་དགོས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུའང་་དེ་སྔ་ནས་ཚོགས་ཆུང་བཙུགས་ཟིན་འདུག
ཕྱོགས་མཚུངས་ལས་ཀ་བྱེད་ཡུལ་དུ་བུད་མེད་ལ་བཙན་གཡེམ་དང་རྩུབ་སྤྱོད་སོགས་བྱ་སྤྱོད་ངན་པ་རིགས་འབྱུང་གི་ཡོད་པར་བརྟེན་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༣ ལོར་ THE SEXUAL HARASSMENT OF WOMEN AT WORKPLACE (PREVENTION, PROHIBITION AND REDRESSAL) ACT, 2013 ཞེས་པའི་ཁྲིམས་གཏན་འབེབས་གནང་ཡོད། ཁྲིམས་དེ་ནི། ལས་ཀ་བྱེད་ཡུལ་དུ་མི་བཅུ་ལས་མང་བ་ཡོད་ཚེ་ཞུ་གཏུག་ཚོགས་ཆུང་བཙུགས་དགོས། དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་ཞུ་གཏུག་ཆོགས་ཆུང་གསར་བཙུགས་བྱེད་ཐུབ་པ་བྱུང་ཡོད། ཁྱིམ་གྱི་དྲག་སྤྱོད་ཐོག་ཕྱི་ལོ་ ༢༠༠༥ ནས་ Protection of Women from Domestic Violence Act ཞེས་པའི་ཁྲིམས་ཤིག་ཡོད་པའི་ཁོངས་སུ་བུད་མེད་རྣམས་ལ་ཁྱིམ་ནང་དྲག་སྤྱོད་རིགས་བྱུང་བ་རྣམས་སྦས་གསང་བྱེད་བཞིན་ཡོད་པར་བརྟེན་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད། དཔེ་དེབ་དེའི་ནང་བཙན་གཡེམ་དང་རྩུབ་སྤྱོད་སོགས་ཀྱི་བྱ་སྤྱོད་རིགས་ལ་ཁྲིམས་གཞིར་བཟུང་ལམ་སྟོན་བཀོད་ཡོད། ལམ་སྟོན་དཔེ་དེབ་བརྒྱུད་ནས་དེ་ལྟ་བུའི་དཀའ་ངལ་རིགས་འབྱུང་ཚེ་ཞུ་གཏུག་ཚོགས་ཆུང་ལ་སྙན་གསང་ཞུས་པའི་ཐོག་ནས་ལམ་སྟོན་གནང་རྒྱུ་དང་འབྲེལ་ཕྱིས་སུ་རྒྱ་གར་ཁྲིམས་ལ་བཅར་དགོས་སྟབས་རོགས་སྐྱོར་གནང་རྒྱུ་ཡིན།
བོད་ཀྱི་གསར་འགྱུར་ལས་ཁང་། འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་བུད་མེད་རོགས་འབོད་འབྲེལ་ལམ་ལས་གཞི་ཞེས་པ་གསར་བཙུགས་གནང་སོང་། ལས་གཞི་དེ་དང་གོང་གི་ལམ་སྟོན་དཔེ་དེབ་དབར་འབྲེལ་བ་ཡོད་དམ།
བསྟན་འཛིན་ཚེ་བརྟན། བུད་མེད་རོགས་འབོད་འབྲེལ་ལམ་དང་ལམ་སྟོན་དཔེ་དེབ་དབར་འབྲེལ་བ་ཆེན་པོ་ཡོད། ལས་གཞི་དེ་གཉིས་ཀྱིས་ཆགས་སྲེད་དང་རྩུབ་སྤྱོད་བཅས་ཀྱི་དཀའ་ངལ་ཐོག་ལས་དོན་གནང་གི་ཡོད། རོགས་འབོད་འབྲེལ་ལམ་འདི་བཞིན་ལམ་སྟོན་དཔེ་དེབ་ཀྱི་ལས་འཆར་ཞིག་ཡིན། རྩུབ་སྤྱོད་རིགས་བྱུང་བ་རྣམས་སྦས་གསང་བྱེད་མཁན་རྣམས་ལ་རོགས་འབོད་འབྲེལ་ལམ་བརྒྱུད་ལམ་སྟོན་གྱི་མཐུན་འགྱུར་བཟང་པོ་ཞིག་སྐྲུན་ཡོད། ད་ཆ་ལམ་སྟོན་དཔེ་དབེ་འདི་ཉིད་གང་ཙམ་འགྲེམས་སྤེལ་ཞུས་ཟིན་པ་རེད།
བོད་ཀྱི་གསར་འགྱུར་ལས་ཁང་། མང་ཚོགས་ཁྲོད་ལམ་སྟོན་དཔེ་དེབ་དེའི་ཐོག་གོ་རྟོགས་ཀྱི་ལས་གཞི་ཇི་ལྟར་སྤེལ་རྒྱུ་ཡིན་པ་དང་། གོང་གི་དྲི་བའི་ནང་མ་ཚུད་པ་བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གསུང་རྒྱུ་ཡོད་དམ།
བསྟན་འཛིན་ཚེ་བརྟན། འཚེ་བའི་གནད་དོན་དེ་དག་གཙོ་བོ་སྤྱི་ཚོགས་ཁྲོད་ཕོ་མོ་ཞེས་དབྱེ་བ་ལ་བརྟེན་ནས་བྱུང་གི་ཡོད། གལ་ཏེ་དེ་ལྟ་བུའི་གནས་ཚུལ་རིགས་འབྱུང་ཚེ་དོ་སྣང་བྱེད་དགོས་པ་དང་། ནང་འགྲིག་བྱས་པའི་ཐོག་ནས་སྦས་གསང་མེད་པར་ཁྲིམས་ཀྱི་ཐོག་ནས་རོགས་སྐྱོར་བྱེད་དགོས།
ཚན་པའི་ངོས་ནས་དུས་རྒྱུན་དུ་ཕོ་མོ་འདྲ་མཉམ་དང་ཕོ་མོ་དབྱེར་མེད་ཐད་གོ་རྟོགས་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད། སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་གནད་དོན་འདི་ལ་རིགས་དོ་སྣང་བྱེད་དགོས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ས་གནས་ཁག་ཏུ་འགྲེམས་སྤེལ་ཞུས་ཡོད། ལོ་རྗེས་མར་གཞིས་ཆགས་ཁག་ཏུ་ཚོགས་ཆུང་གསར་བཙུགས་དང་ལས་གཞི་དེའི་ཐོག་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་འཆར་ཡོད། ཅེས་གསུངས། །