ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཉི་མ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གསེར་མདོག་ལས་གྲུབ་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༡༡༣ ཅན་གསར་བཞེངས་དང་། མི་མང་གི་ཚོགས་ཁང་གསར་རྒྱག་གི་རྨང་གཞི་འདིང་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད།
ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཁྱབ་ཁོངས་སྔ་འགྱུར་སྟག་ཤམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན་པའི་མཁན་པོ་པདྨ་ཆོས་འཕེལ་ལགས་དང་བླ་མ་མཁྱེན་ནོ་དགེ་རྩ་ཚོགས་པ་ Lama Cheno Trust ནས་གཙོ་བོ་འགན་འཁུར་ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༡༡༣ ཅན་གསར་བཞེངས་བྱ་རྒྱུ་གཏན་འཁེལ་བྱུང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༡༡ ཐོག་ཀོ་ལེ་གྷལ་སྔ་འགྱུར་སྟག་ཤམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན་པའི་གོ་སྒྲིག་འོག་སྐུ་བརྙན་གསར་དུ་བཞེངས་རྒྱུའི་རྨང་གཞི་འདིང་བའི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས། གཞིས་གྲོང་ཁག་གི་བརྒྱ་དཔོན་བཅས་མཉམ་ཞུགས་གནང་ཡོད།
མཁན་པོ་པདྨ་ཆོས་འཕེལ་ལགས་ཀྱིས་སྐུ་བརྙན་བཞེངས་དགོས་པའི་རྒྱབ་ལྗོངས་ལོ་རྒྱུས་བཅས་ངོ་སྤྲོད་གནང་གྲུབ་མཚམས་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་སྐུ་བརྙན་བཞེངས་རྒྱུའི་ཐོག་མི་མང་ནས་རོགས་རམ་དང་མཐུན་འགྱུར་དགོས་གལ་བཅས་གསུངས། དེ་ནས་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་སྐུ་བརྙན་བཞེངས་པའི་ཕན་ཡོན་དང་བསོད་ནམས་བསག་རྒྱུ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་དང་རིག་པའི་གཞུང་ལུགས་རྣམས་ལ་མི་མང་ནས་དོ་སྣང་དང་སློབ་གཉེར་དགོས་བྱེད་དགོས་པ་དང་། ཁྱིམ་མཚེས་རྒྱ་གར་ཡུལ་མི་ལའང་སྟོན་པའི་གཞུང་ལུགས་འགྲེལ་བརྗོད་ཐུབ་པ་དགོས་རྒྱུ་བཅས་གསུངས།
དེ་ནས་ཉིན་རྒྱབ་ཚོུད་ ༢ ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་གསར་རྒྱག་གི་རྨང་གཞི་འདིང་བའི་མཛད་སྒོ་ཚོགས་ཡོད། སྐབས་དེར་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་གཞིས་ཆགས་སུ་མི་མང་གི་ཚོགས་ཁང་ཚད་ལྡན་ཞིག་ཤིན་ཏུ་དགོས་མཁོ་ཆེན་པོ་ཡིན་པ་དང་། ཚོགས་ཁང་གསར་རྒྱག་སླད་དཔལ་འབྱུར་གྱི་མཐུན་འགྱུར་རོགས་རམ་གནང་མཁན་གཙོ་བོ་ནི་༸སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་ཡིན་པ་དང་། ཕྱོགས་མཚུངས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་གཞིས་མི་ཟུར་པའི་ཚོགས་པ་ནས་ཀྱང་ཚོགས་ཁང་གི་ཐབ་ཚང་དང་གསང་སྤྱོད་བཅས་མཐུན་རྐྱེན་སྦྱར་ཡོད་སོགས་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གཞིས་ཆགས་ནང་ཡར་རྒྱས་ཀྱི་ལས་འཆར་ཁ་ཤས་འགྲོ་མུས་ཡིན་པར་བསྔགས་བརྗོད་གནང་བ་མ་ཟད། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ནང་གཞིས་ཆགས་སྲ་བརྟན་གལ་ཆེ་ཡིན་སྐོར་དང་། ཏོག་དབྱིབས་གཉན་རིམས་ ༡༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་འཐུས་གཙང་བསྒྲུབས་ཐུབ་ཡོད་པ་སྐོར། གཞན་ཡང་ཉེ་དུས་ཨ་རིའི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱུང་ཡོད་པ་སོགས་གསུངས། དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །