ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དྲ་རྒྱ་བརྒྱུད་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། དེ་རིང་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་འགན་ཁུར་བཞེས་ཏེ་གཙོ་ཆེ་ཤོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གཙོས་སྨན་པ་རྣམས་ནས་ནང་ཆོས་དང་བོད་སྨན་ལ་སོགས་ཀྱི་ཐོག་ནས་སེམས་ཁམས་ཀྱི་ནད་གཞི་ལ་བཅོས་ཐབས་ཇི་ཡོད་སྐོར་དང་། སྤྱི་ཚོགས་ཀྱི་དགོངས་པ་བཞེས་སྟངས་ཐད་མཁས་པ་རྣམས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་སྟབས། ངས་མི་ཤེས་མཁས་མདོག་བྱེད་ཚེ་འཚམ་པོ་མི་འདུག ཕྲན་རང་སྲིད་སྐྱོང་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་པའི་སྐབས་གཞིས་མི་ཁག་གཅིག་གིས་བུ་མོ་སེམས་ཁམས་ནད་པ་ཡིན་པར་བརྟེན་དཀའ་ངལ་ཅི་ཆེར་འཕྲད་བཞིན་པ་སོགས་གསུངས་སོང་།
འཛམ་གླིང་འཕྲོད་བསྟེན་ཚོགས་པས་ལོ་རེར་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་རང་ཤི་རྒྱག་མཁན་འབུམ་བརྒྱད་ཡོད་སྐོར་དེ་ལྟར་བཤད་པ་དང་། སྐར་མ་གཉིས་རེའི་ནང་མི་གསུམ་གྱིས་རང་ཤི་དང་སྐར་མ་དྲུག་བཅུའི་ནང་མི་དགུ་བཅུ་ཙམ་གྱིས་རང་ཤི་རྒྱག་གི་ཡོད། དེའི་ནང་ནས་བརྒྱ་ཆ་ ༧༥ དཔལ་འབྱོར་གྱི་གནས་སྟངས་ཞན་པ་དང་འབྲིང་བའི་རྒྱལ་ཁབ་ཁག་གི་ནང་ནས་རང་ཤི་རྒྱག་གི་ཡོད་པར་བརྟེན་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་གང་ཅིའི་ཐད་ནས་ཇི་ལྟར་ཡར་རྒྱས་གཏོང་དགོས་སྐོར་ཉིན་ལྟར་བསམ་བློ་གཏོང་མཁན་གྱི་མི་ཞིག་ཡིན།
ཐེངས་འདིའི་ཚོགས་འདུའི་ཐོག་ནང་ཆོས་དང་བོད་སྨན། རྒྱ་སྨན་བཅས་ཀྱི་ཐོག་ནས་དགོངས་ཚུལ་གསུང་གི་ཡོད། སེམས་ཁམས་ཀྱི་ན་ཚ་དེར་ང་ཚོས་འཛམ་གླིང་སྤྱི་ཡོངས་ནང་སྨན་བཅོས་བྱེད་སྟངས་དང་མ་འདྲ་བ་ཟེར་ནའང་རེད་ཁ་སྣོན་བརྒྱབ་སྟེ་སྤྱི་ཡོངས་ནས་འབད་བརྩོན་བྱས་ཏེ་སེམས་ཁམས་ཀྱི་ན་ཚ་བཅོས་ཐབས་ཡོད་ན་བསམ་མྱོང་། དཔེར་ན། དེ་སྔ་ཡིན་ན་སེམས་ཁམས་ན་ཚ་ཡོད་པ་རྣམས་ཀྱི་རྐང་ལག་བསྡམས་ནས་ཁང་པ་ནང་སྒོ་བརྒྱབ་ནས་འཇོག་གི་ཡོད་པ་དེ་ནོར་བ་རེད། ཕྱིས་སུ་སེམས་ཁམས་ཀྱི་ན་ཚ་ཡོད་པ་རྣམས་ཁང་པའི་ནང་སྒོ་བརྒྱབ་ནས་མ་བཞག་པར་སྤྱི་ཚོགས་ནང་གོ་རྟོགས་རྒྱ་ཆེ་སྤེལ་བ་ཡིན་ན། སེམས་ཁམས་ཀྱི་ན་ཚ་ཡོད་མཁན་ཚོ་རང་བཞིན་གྱིས་དྲག་འགྲོ་ཡི་རེད་སྙམ་པའི་ཐོག་ནས་ཁང་པའི་ནང་སྒོ་བརྒྱབ་ནས་གཞག་རྒྱུ་མཚམས་འཇོག་བྱེད་པ་རེད། ད་ལྟའི་ཆར་མཁས་པ་ཁག་གཅིག་གིས་སེམས་ཁམས་མི་བདེ་བ་རྣམས་གློ་བུར་དུ་ན་ཚ་ཚབས་ཆེ་ན་བའི་སྐབས་མི་གཞན་ལ་གནོད་སྐྱོན་རིགས་བྱེད་ཀྱི་ཡོད་སྟབས་སེམས་ཁམས་མི་བདེ་བ་མང་དག་ཅིག་བཙོན་འཇུག་བྱས་ཡོད། ཅེས་བརྗོད་ཀྱི་འདུག
ཐེངས་འདིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ནང་དེ་འབྲེལ་མ་དངུལ་བཞག་ཡོད། འོན་ཀྱང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་ཆ་བྱེད་རྒྱུ་གང་ཡང་མི་འདུག གལ་ཏེ་སྦེལ་ཀོབ་ས་གནས་སུ་ས་ཆ་ཨེ་ཀར་ཁ་ཤས་འཐོབ་པ་ཡིན་ན་ལོ་རྗེས་མར་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་སྨན་ཁང་གསར་པ་ཞིག་འཛུགས་སྐྲུན་བྱས་ནས་ནད་པ་དང་དེའི་ནང་མི་གཅིག་བཅས་སྨན་ཁང་དེར་ནད་གཞི་ལ་དཔགས་པའི་བསྡད་རྒྱུ་ཡོད་པ་དང་། སྨན་ཁང་དེར་རྒྱ་སྨན་དང་བོད་སྨན་ཟུང་སྦྲེལ་ཐོག་སྨན་བཅོས་གནང་བའི་ཐོག་དགེ་བཤེས་ལགས་དང་སློབ་དཔོན་སོགས་ཆེད་ཕེབས་ཀྱིས་ནང་ཆོས་འཁྲིད་རྒྱུ། སྒོམ་དང་རྣལ་འབྱོར་ Yoga ཉམས་ལེན་བྱེད་རྒྱུ་ཡོད་པ། དེ་བཞིན་ནད་པ་དང་ལྷན་དུ་དོ་བདག་རང་ཉིད་ཀྱི་ནང་མི་གཅིག་མཉམ་དུ་ཡོང་བ་ཡིན་ན་སེམས་ཁམས་ཀྱི་ན་ཚ་དེ་ཙམ་ཚབས་ཆེན་པོ་མེད་པ་ཡིན་ན་ཏན་ཏན་བཅོས་ཐུབ་ངེས་རེད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་གཙོ་བོར་གྱུར་པའི་བོད་ཀྱི་སྨན་རྩིས་ཁང་དང་། དགོན་སྡེ་ཁག་བཅས་ནས་འཕྱར་གྲུ་མཉམ་འདེགས་གནང་བ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་ནད་གཞི་གསར་པ་དང་འབྲིང་བ་རྣམས་བཅོས་ཐབས་གནང་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ལྟ་བུའི་སྨན་ཁང་ཞིག་བཙུགས་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད། དེ་རིང་འདིར་མཁས་པ་མང་པོ་ཞིག་ཕེབས་འདུག་སྟབས་དེའི་ཐོག་གོ་བསྡུར་གནང་རོགས།
ལུས་ཀྱི་ན་ཚ་དང་སེམས་ཀྱི་ན་ཚ་གཉིས་གཅིག་པ་ཡིན་པར་བརྟེན་སེམས་ནད་ཡོད་མཁན་རྣམས་ལ་མཐོང་ཆུང་དང་དམའ་འབེབས་སོགས་བྱེད་རྒྱུ་མེད། སེམས་ཁམས་ཀྱི་ན་ཚ་འདི་བཞིན་ན་ཚ་སྤྱི་ཡོངས་ལྟར་རྩི་དགོས། ཐེངས་འདིར་ཚོགས་འདུ་གོ་སྒྲིག་གནང་མཁན་ཡོངས་ལ་བསྔགས་བརྗོད་དང་སྦྲགས་དམིགས་བསལ་མཁས་པ་རྣམས་ཀྱི་དགོངས་ཚུལ་གསུངས་པ་རྣམས་ཡག་པོ་གསན་རོགས། མཁས་པ་རྣམས་ཚོགས་འདུའི་ཐོག་ཕེབས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཇི་ཆེར་འགྲོ་བཞིན་པར་བརྟེན་མང་ཚོགས་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་ཐོག་དངངས་འཚབ་ཆེན་པོ་ཆགས་ཡོད་སྟབས། དགོངས་འཆར་དང་དགོངས་ཚུལ་གང་གསུངས་པ་རྣམས་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ་ངེས་རེད། ཅེས་གསུངས།
དེ་རྗེས་༸