ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༤ རེས་གཟའ་ཉི་མ།
༄༅། །བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་བ། ཐེ་ཝན། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡ ཉིན་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༡ འཁོར་བའི་ཉིན་མོ་དང་བསྟུན་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྒྱལ་སྤྱིའི་ལས་འགུལ་ཉིན་མོར་མཉམ་ཞུགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག་བཅས་ཀྱི་ནང་རིག་གཞུང་རྩ་གཏོར་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད།
དེ་ཡང་ཉིན་དེར་བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་བ། ཐེ་ཝན། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་ཉི་ཧོང་གི་གྲོས་ཚོགས་ཁང་དུ་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ཚོགས་འདུའི་སྟེང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག། ཧོང་ཀོང་། ཐེ་ཝན་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་ཐོག་དྲག་གནོན་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གྱི་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་བ་ཚོས་མང་གཙོ་དང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་སླད་དུ་འཐབ་རྩོད་བྱེད་བཞིན་པས་འབྱུང་འགྱུར་དེར་རྒྱལ་ཁ་འཐོབ་ངེས་རེད། ཅེས་དང་།
རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ་དང་། ལྷོ་སོག་ནང་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཀྱི་སྐད་ཡིག་སྟེ་སོག་ཡིག་ཚབ་ཏུ་རྒྱ་ཡིག་བེད་སྤྱོད་བྱེད་བཞིན་པ། དེ་བཞིན་བོད་ཀྱི་ཞིང་འབྲོག་འབུམ་ལྔ་ལྷག་བཙན་དབང་གིས་དམག་མི་ལྟ་བུའི་ངལ་རྩོལ་ལས་རིགས་སྦྱོང་བརྡར་ཁང་དུ་བཅུག་ཡོད་པ་བཅས་ལ། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཅེས་གསུངས།
ཉི་ཧོང་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དེང་རབས་སོ་ལྟའི་པར་ཆས་གང་སར་བཙུགས་ཏེ་བོད་མིའི་འགྲོ་འདུག་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པའི་སྐོར་དང་། བོད་ནང་གསར་འགོད་རང་དབང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་རང་དབང་གི་སྒོ་ནས་གསར་འགོད་བྱེད་འཇུག་གི་མེད་པ་སོགས་ཀྱི་སྐོར་གསུངས།
ལྷོ་སོག་གི་སྐུ་ཚབ་ཌི་ཆིན་ Daichin Olhunuud ལགས་ཀྱིས། རྒྱ་ནག་གཞུང་གིས་ལྷོ་སོག་གི་སྐད་ཡིག་རྩ་གཏོར་གཏོང་ཆེད་ལྷོ་སོག་ནང་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཀྱི་སྐད་ཡིག་སྟེ་སོག་ཡིག་ཚབ་ཏུ་རྒྱ་ཡིག་བེད་སྤྱོད་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།
ཉི་ཧོང་ནང་རྟེན་གཞི་བྱས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གིས་ལོ་ངོ་ ༧༠ ལྷག་གི་རིང་མི་མང་ཐོག་དྲག་གནོན་དང་། མི་རིགས་སྡེབ་གསོད། རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་སྤེལ་དང་སྤེལ་མུས་རེད། ཅེས་གསུངས།
དགོང་དྲོ་བོད་མི་དང་། ཡུ་གུར་བ། ལྷོ་སོག་པོ་སོགས་ནས་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཞི་བའི་ངོ་རྒོལ་གནང་ཡོད་པ་བཅས།།