ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༤ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་དང་། ལས་བྱེད་རྣམ་པ། དེ་བཞིན་བོད་མི་དང་། ལྷོ་སོག་པོ། ཡུ་གུར་བ། རྒྱ་གར་བ་བཅས་བརྒྱ་ལྷག་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ཁུལ་གྱི་ཧི་བྷི་ཡ་སྤྱི་གླིང་Hibiya Park ནང་ལྷན་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་ཤུགས་ཆེ་གནང་ཡོད། སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་ལྡན་ལགས་དང་ལྷོ་སོག་གི་སྐུ་ཚབ་སོགས་ནས་རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག་པོ། ཡུ་གུར་སོགས་ཀྱི་ནང་དྲག་གནོན་བྱེད་བཞིན་པའི་སྐོར་གསུང་བཤད་གནང་ཡོད།
ངོ་རྒོལ་བ་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་ལག་ཏུ་ཁྱེར་ནས་ཧི་བྷི་ཡ་སྤྱི་གླིང་ནས་འགོ་འཛུགས་གནང་སྟེ་རྒྱ་ནག་གཞུང་གིས་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་སྐད་འབོད་གནང་ཡོད་པ་མ་ཟད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་བཅས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཟླ་ ༡༧ ཉིན་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བཞིན་ཡོད་པས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ་དང་། ཡུ་གུར་བ་ས་ཡ་གཅིག་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་ཡོད་པ་རྣམས་ཀྱང་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད།
གཞན་ཡང་ངོ་རྒོལ་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ཧོང་ཀོང་། ལྷོ་སོག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རྒྱ་ནག་གཞུང་ལ་ཤུགས་རྐྱེན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད། དགོང་དྲོ་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། ཐེ་ཝན། རྒྱ་གར་བ་སོགས་ནས་ཉི་ཧོང་གི་གྲོང་ཁྱེར་ཤིན་ཇུ་ཀུ་ Shinjuku ནང་འདུ་འཛོམས་ཐོག་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་ཡོད་པ་བཅས།།