ཕྱི་ལ་ོ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༥ ཉིན་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པའི་བདུན་ཚིགས་དང་པོ་ཉིན་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་བཀྲས་མཐོང་དབང་པོ་ལགས། སུད་སི་དང་ལིག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ། སུད་སིའི་ས་གནས་བོད་མི་སོགས་མཉམ་འཛོམས་ཀྱིས་ཐོག་མར་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་ནོར་བུ་ལགས་ཀྱིས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས་རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་ཀྱིས་མཆོད་འབུལ་སྨོན་ལམ་འགོ་འཛུགས་གནང་།
སྤྱིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་དམ་པ་ཁོང་གི་སྐུ་ཕུང་སུད་སིའི་གྲོང་ཁྱེར་ཝིན་ཊར་ཐུར་ Winterthur དུ་ཞུགས་འབུལ་གནང་ཡོད་པ་བཅས། །