ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །རྒྱ་ནག་གི་བཙོན་ཁང་ནང་དུ་བཙོན་འཇུག་ཀྱི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་དམ་པ་ཁོང་གི་སྐུ་ཕུང་སུད་སིའི་གྲོང་ཁྱེར་ཝིན་ཊར་ཐུར་ Winterthur དུ་ཞུགས་འབུལ་དང་མྱ་ངན་གུས་འདུད་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་གི་གོ་སྒྲིག་འོག་སྐུ་ཕུང་ཞུགས་འབུལ་སྐབས་སུད་སིའི་དོན་གཅོད་འཆེ་མེད་རིག་འཛིན་ལགས་དང་། སུད་སིའི་ནང་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་བཀྲས་མཐོང་དབང་པོ་ལགས། སུད་སི་དང་ལིག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞིན་གྱིས་གཙོས་རྒྱུན་ལས་རྣམ་པ། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ Thomas Buchli ལགས་ཀྱིས་གཙོས་ཚོགས་མི་རྣམ་པ། སྤྱི་ཟུར་དང་ས་གནས་སུ་ཡོད་པའི་ཆབ་སྲིད་བཙོན་ཟུར། དེ་བཞིན་ས་གནས་བོད་མི་སོགས་ཁྱོན་མི་གྲངས་ ༡༢༠ ལྷག་མཉམ་ཞུགས་གནང་ཡོད།
སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཆེ་མེད་རིག་འཛིན་ལགས་ཀྱིས་རྒྱལ་གཅེས་པ་ཁོང་གི་སྐུ
ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ བར་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་རྒྱུ་ཡིན་འདུག
སྤྱིར་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི། ཕྱི་ལོ་ ༡༩༢༩ ཟླ་ ༩ ཚེས་ཤར་ཏེ་བོད་ས་སྦྲུལ་ཟླ་བ་བདུན་པའི་ཚེ་ཤར་ཉིན་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་ཞིག་འགོ་བཙུགས་ཤིང་། ལྷ་སའི་སློབ་གྲྭ་ཆུང་བ་ཁག་གཉིས་དང་། ལྷ་སའི་རིག་གཞུང་ཁྲུའུ་ཡི་ལས་བྱེད་རྣམས་འཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པའི་བསམ་འཆར་ཤོད་པའི་སྐབས་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་དང་ཐེར་འདོན་བྱ་རྒྱུར་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་འཛིན་ཏེ། ཏང་ནང་ཁུལ་གྲོས་བསྡུར་བྱས་རྗེས་སློབ་གྲྭ་གསུམ་དང་རིག་གཞུང་ཁྲུའུ་ཡི་ཁོངས་གཏོགས་ལས་བྱེད་འཛོམས་པའི་ཚོགས་འདུར་ཁོང་ལ་སྐྱོན་བརྗོད་བྱས་པའི་ཐོག་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་། དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་བས་བཙོན་འཇུག་ལོ་གསུམ་བྱས།
ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་བཟོས་རྗེས་ཕྱི་ལོ་ ༡༩༨༠ ཟླ་ ༣ ཚེས་ ༩ ལ་བཙོན་གྲོལ་ཐོབ། ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས། ཡང་ཕྱི་ལོ་ ༡༩༨༨ ལོར་བཙོན་ཁང་ནས་བོད་རང་བཙན་གྱི་སྐད་འབོད་གནང་བའི་རྐྱེན་ཉེས་ཁྲིམས་ལོ་ལྔ་སྤར་བ་དང་། ཕྱི་ལོ་ ༡༩༩༢ ལོར་སུད་སིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ལྔ་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་དུ་ཕེབས་སྐབས་སྐད་འབོད་གནང་བར་བརྟེན། དུས་བཀག་བཙོན་འཇུག་ལོ་བརྒྱད་སྤར་བ་བཅས་ཁྱོན་བསྡོམས་མི་ལོ་ཧྲིལ་པོ་སོ་གཉིས་རིང་རྒྱའི་བཙོན་དུ་བཞུགས་དགོས་བྱུང་བས་བཙོན་དུ་བཞུགས་རྒྱུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པ་ཞིག་ཡིན་འདུག་པ་བཅས། །