ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ། ༄༅། །འདི་གར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ ནས་ ༨ བར་ཉིན་གྲངས་དྲུག་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཚབ་སོ་ནམས་སློབ་སྟོན་པ་ཐུབ་བསྟན་ལགས་དང་ས་འགོ་གསར་པ་དཔལ་ལྡན་ཚེ་རིང་ལགས་གཉིས་དབར་གྱི་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བསྟན་སྲུང་དམར་ནག་གཉིས་ཀྱི་རྟེན་མཁར་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་འགོ་ལས་ཚབ་ཐུབ་བསྟན་ལགས། ས་གནས་འགོ་འཛིན་གསར་པ་དཔལ་ལྡན་ཚེ་རིང་ལགས། ནང་སྲིད་སྐུ་ཚབ་སྤྲོད་དཔང་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་བཅས་གནས་གཟིགས་སུ་ཕེབས་ཡོད། དེ་ནས་བདེ་ཆེན་ཆོས་འཕེལ་གླིང་དགོན་པ་དང་རྒས་གསོ་ཁང༌། ཨོ་རྒྱན་ཐེག་མཆོག་ཆོས་འཁོར་གླིང་དགོན། ཀེ་ལཤ་སློབ་ཕྲུག་ཉལ་ཁང༌། སཾ་བྷོ་ཊ་སློབ་གྲྭ་དབུས་མ། སྨན་རྩིས་ཁང༌། ཡན་ལག་སྨན་ལྷ་སྨན་ཁང༌། བདུད་འདུལ་རབ་བརྟན་གླིང་དགོན། ནམ་མཁའ་ཁྱུང་རྫོང་དགོན། ལོ་བྷར་སིངྒ་ཡན་ལག་སློབ་གྲྭ མཉམ་འབྲེལ་འཁྲུལ་མོ་སྡེ་ཚེན། རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་དགོན། གནས་མདོ་ཨོ་རྒྱན་ཐེག་མཆོག་གླིང་དགོན། མཧྣ་ཌ་གྷི་རི་ཡན་ལག་སློབ་གྲྭ་བཅས་སུ་ཆོས་མཇལ་དང་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ནང་སྲིད་སྐུ་ཚབ་སྤྲོད་དཔང་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་མཉམ་ཞུགས་ཐོག་ས་གནས་འགོ་འཛིན་ལས་ཚབ་ཐུབ་བསྟན་ལགས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་བདག་འཛིན་རྩ་འཛིན་འོག་གལ་ཆེ་ཡིག་སྣོད་ཁག་ས་གནས་འགོ་འཛིན་གསར་པ་དཔལ་ལྡན་ཚེ་རིང་ལགས་སུ་རྩིས་སྤྲོད་གནང་།
དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང༌དང་། རྩིས་པ། སོ་ནམ་སློབ་སྟོན་པ། དངུལ་གཉེར། རྒས་གསོ་ཁང་གི་འགན་འཛིན། ཀེ་ལཤ་སློབ་ཕྲུག་ཉལ་ཁང་གི་འགན་འཛིན། ཡིག་གད་བཅས་ཀྱི་བདག་གཉེར་དུ་ཡོད་པའི་ཡིག་སྣོད་དང་ཅ་དངོས་རྩིས་ཁྲ་ཁག་ལ་ས་འགོ་ལས་ཚབ་དང་ས་གནས་འགོ་འཛིན་གསར་པ་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་དག་མཆན་མཚན་རྟགས་བཀོད་ཡོད།
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ནང་སྲིད་སྐུ་ཚབ་སྤྲོད་དཔང་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་མཉམ་ཞུགས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་རྒས་གསོ་ཁང་། ཀེ་ལཤ་སློབ་ཕྲུག་ཉལ་ཁང་གི་རྩིས་ཁྲའི་གནས་སྟངས་དང་། གལ་ཆེ་ཡིག་སྣོད་ཁག་རྩིས་སྤྲོད་རྩིས་ལེན་གནང་རྗེས་ས་གནས་འགོ་འཛིན་ལས་ཁུངས་སུ་ས་འགོ་གསར་རྙིང་དབར་དམིགས་བསལ་ཚོགས་འདུ་ཚོགས་ཡོད།
སྐབས་དེར་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་འཐུས་ཚོགས་ཀྱི་གཙོ་དང་ཚོགས་མི། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་དྲུང་ཆེ། སཾ་བྷོ་ཌ་སློབ་སྤྱི། སྨན་ལྷ་སྨན་ཁང་གི་འགན་འཛིན་དང་སྨན་པ། ཡན་ལག་སྨན་རྩིས་ཁང་གི་སྨན་པ། གཞིས་མཉམ་གཉིས་ཀྱི་ལས་བྱེད། ས་གནས་གཞོན་ནུ་ཚོགས་གཙོ་དང་བུད་མེད་ཚོགས་གཙོ། གཞིས་གྲོང་ལྔའི་སྤྱི་མི་བཅས་ངོ་བཅར་ཞུས་ཡོད།
དེ་རྗེས་ས་འགོ་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་གནང་གྲུབ་མཚམས་ས་འགོ་གསར་པ་དཔལ་ལྡན་ཚེ་རིང་ལགས་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས། དེ་བཞིན་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་བཅས་ཀྱིས་གསུང་བཤད་གནང་།
ཕྱི་ཚེས་ ༨ ཉིན་ས་འགོ་གསར་རྙིང་བར་གྱི་ཞབས་སྟེགས་རྩིས་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་ས་འཐུས་ཚོགས་གཙོ་དང་ཚོགས་གཞོན། དགོན་སྡེ་ཁག། ས་གནས་རང་བདེན་ཚོགས་གཙོ། མཉམ་དྲུང༌། སྨན་ལྷ་སྨན་ཁང་འགན་འཛིན། ཡན་ལག་སྨན་རྩིས་ཁང་གི་སྨན་པ། སཾ་བྷོ་ཌ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། ས་གནས་གཞོན་ནུ་ཚོགས་གཙོ་དང་བུད་མེད་ཚོགས་གཙོ། གཞིས་གྲོང་ལྔའི་སྤྱི་མི། གཞིས་མཉམ་གཉིས་ཀྱི་ལས་བྱེད་བཅས་ནས་འཚམས་འདྲི་མཇལ་དར་སྒྲོན་གནང་བ་བཅས། །