་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར། བོད་རིགས་གཞོན་སྐྱེས་གྲངས་ ༢༠ ལྷག་ལ་བོད་ཀྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐོར་དྲ་རྒྱ་བརྒྱུད་མཁས་དབང་གཏམ་བཤད་ཀྱི་ལས་རིམ་ཞིག་བསྐོང་ཚོགས་གནང་ཡོད། ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། མང་ཚོགས་ཁྲོད་བོད་རྒྱལ་སྲོང་བཙན་སྒམ་པོའི་རླབས་ཆེན་གྱི་མཛད་རྗེས་སྐོར་གོ་རྟོགས་སྤེལ་ཆེད་ཡིན།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཐོག་མར་སྐུ་ཞབས་མར་ཊིན་མེ་ལི་སི་ལགས་ཀྱི་སྐོར་བོད་རིགས་གཞོས་སྐྱེས་རྣམས་ལ་ངོ་སྤྲོད་དང་ཐེངས་འདིའི་ལས་གཞིིའི་གལ་གནད་སོགས་ཀྱི་སྐོར་གསུངས།
སི་ཀོ་ཌི་ལན་ཌིའི་ Scotland ནང་ཡོད་པའི་ཨ་བྷར་ཌིན་ Aberdeen གཙུག་ལག་སློབ་གཉེར་ཁང་གི་མི་རིགས་རིག་པ་དང་། བོད་ཀྱི་ལོ་རྒྱུས་སློབ་དཔོན་རྒན་པ་སྐུ་ཞབས་མར་ཊིན་མེ་ལི་སི་ Martin Mills ལགས་ཀྱིས་བོད་མི་གཞོན་སྐྱེས་ཁྱོན་མི་གྲངས་ ༢༠ ལྷག་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐོར་ལ་གསུང་བཤད་གནང་ཡོད།
དེ་ཡང་སྐུ་ཞབས་མར་ཊིན་མེ་ལི་སི་ལགས་ཀྱིས་གསུང་དོན། སྲོང་བཙན་སྒམ་པོ་ནི་སྤྱིར་བཏང་གི་རྒྱལ་པོ་ཙམ་མིན་པར་ཕྱི་ལོ་ ༡༣༠༠ གོང་ལ་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བསྡུས་པའི་པུར་རྒྱལ་དུས་སྐབས་ཀྱི་རྒྱལ་པོ་སྟོབས་ཤུགས་ཅན་ཞིག་ཡིན་པ་དང་། སྐབས་དེ་དུས་པུར་རྒྱལ་བོད་ཀྱི་དམག་གིས་དབུས་ཨ་ཤེ་ཡའི་རྒྱལ་ཁབ་མང་པོ་དབང་སྒྱུར་བྱས་ཡོད། སྲོང་བཙན་སྒམ་པོས་བོད་ཀྱི་མངའ་ཐང་རྒྱ་སྐྱེད་གནང་ཡོད། ཅེས་དང་།
གཞན་ཡང་ཁོང་གིས་ཡར་ཀླུང་རྒྱལ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སྐོར་དང་། ཡར་ཀླུང་རྒྱལ་རྒྱུད་ ༣༣ པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམག་དོན་དང་ཕྱི་འབྲེལ། བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་ཏེ་རྒྱལ་པོའི་མངའ་ཐང་ཇི་ལྟར་རྒྱ་སྐྱེད་གནང་བ་སོགས་ཀྱི་སྐོར་གསུངས།
ཐེངས་འདིའི་ལས་རིམ་གཙོ་སྐྱོང་གནང་མཁན་ལོན་ཌན་སློབ་གྲྭའི་བོད་ཀྱི་ལོ་རྒྱུས་དགེ་རྒན་བསྟན་འཛིན་ཀུན་དགའ་ལགས་ཡིན་ཞིང་། ལས་རིམ་འདི་བཞིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ངོ་དེབ་བརྒྱུད་ཐད་སྲིང་གནང་ཡོད། །