ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༠ འཁོར་བའི་དུས་ཆེན་ཉིན་ཏེ་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢ རེས་གཟའ་ལྷག་པ་བོད་ཀྱི་མང་གཙོ་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡུལ་སྐུ་ཚབ་དོན་ཁང་དང་སྦིར་ཊན་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཟུང་སྦྲེལ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར། བོད་མིའི་མང་གཙོ་འཕེལ་རིམ་སྐོར་དྲ་རྒྱ་བརྒྱུད་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད། བགྲོ་གླེང་ཐོག་གསུང་བཤད་གནང་མཁན་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་ཁེ་ན་ཌའི་ཨོན་ཊེ་རིའོ་ས་གནས་གྲོས་ཚོགས་འཐུས་མི་བུ་ཁྲིད་དཀར་པོ་ཆེ་ལགས། དེ་བཞིན་སྦིར་ཊན་བོད་རིགས་སྤྱི་འཐུན་ཚོགས་པའི་ན་གཞོན་འབྲེལ་མཐུད་པ་རྟ་མགྲིན་རྣམ་རྒྱལ་ལགས་བཅས་ཡིན།
སྐབས་དེར་བགྲོ་གླེང་གཙོ་སྐྱོང་བ་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ལས་བྱེད་ཚེ་རིང་མཚོ་མོ་ལགས་ཀྱིས་ཐེངས་འདིར་བོད་མིའི་མང་གཙོ་འཕེལ་རིམ་ཞེས་པའི་བརྗོོད་གཞི་ཐོག་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཨིན་ཡུལ་དོན་ཁང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལས་འཆར་གྱི་ཆ་ཤས་སུ་བརྩིས་ཏེ་གཞོན་སྐྱེས་རྣམས་ལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གོ་རྟོགས་སྤེལ་ཐབས་ཡིན་སྐོར་གསུངས།
དེ་རྗེས་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་བོ་ཆེ་འབུལ་ལམ་ཞུ་སྐབས་ཀྱི་བཀའ་སློབ་དགོངས་དོན་བཞིན། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་བཅས་ཀྱི་སྐུ་ཚབ་མཚོན་པའི་འཐུས་མི་བཅུ་གསུམ་བསྐོ་བཞག་གནང་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས་ཤིང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༠ ཟླ་ ༥ ནང་སྤྱི་འཐུས་དང་། བཀའ་ཤག གཞུང་ཞབས་བཅས་པའི་འཐུས་མི་ ༣༧༠ སྐོར་འཛོམས་སར་༸གོང་ས་མཆོག་གིས་བཀའ་བློན་རྣམས་ཐད་ཀར་བསྐོ་གཞག་གནང་རྒྱུ་དང་། མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་རྣམས་ལ་ཕྱག་རྟགས་སྩལ་སྲོལ་མཚམས་འཇོག་མཛད་པའི་ཐོག་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་མཛད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་དང་། མི་རིགས་ཀྱི་འཕྲལ་ཕུགས་བདེ་ཐབས། བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་བཅས་ལ་དགོངས་ཏེ། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་དགོས་པ་ཐུགས་ཐག་བཅད་པར་བརྟེན་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཤིང་། མཐར་ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་མཛད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་པར། ང་ཚོས་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས། ཞེས་སོགས་གསུངས།
དེ་ནས་གྲོས་ཚོགས་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས། བོད་མི་གཞོན་སྐྱེས་རྣམས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་གལ་གནད་སྐོར་གསུང་བ་མ་ཟད། གཞོན་སྐྱེ་ཚོས་འགན་ཁུར་ནས་འོས་ཤོག་འཕངས་པ་ཡིན་ན། དེས་བོད་མིའི་རྩ་དོན་དང་བོད་མི་སྤྱི་ལ་ཕན་གྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
རྟ་མགྲིན་རྣམ་རྒྱལ་ལགས་ཀྱིས་ཕྱི་རྒྱལ་ཡོད་པའི་གཞོན་སྐྱེས་རྣམས་ཀྱི་འགན་འཁུར་དང་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་གསུང་དོན། ཕྲན་རང་ཉིད་དུས་ཡུན་ལོ་གཉིས་རིང་ཨིན་ཡུལ་གྱི་བོད་མིའི་གཞོན་སྐྱེས་འབྲེལ་མཐུད་པའི་ལས་འགན་བྱས་ཤིང་། དེང་སང་བོད་མི་གཞོན་སྐྱེས་ཚོའི་ཁྲོད་བོད་ཀྱི་སྐད་ཡིག་དང་རིག་གཞུང། བོད་ཀྱི་ལོ་རྒྱུས་བཅས་ལ་སློབ་གཉེར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། རྒྱ་གར་དུ་ཡོད་པའི་སློབ་ཕྲུག་ཚོར་གོ་སྐབས་ཡོད་པ་ནང་བཞིན་ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོར་གོ་སྐབས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་དང་། གཞན་ཡང་གཞོན་སྐྱེས་རྣམས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་ཐོག་དོ་སྣང་ཤུགས་ཆེ་དང་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། དེ་ལྟ་བུའི་བགྲོ་གླེང་མཐོ་སློབ་ཏུ་བསྐྱོད་མཁན་བོད་མི་གཞོན་སྐྱེས་རྣམས་དང་ལྷན་དུ་ཚོགས་ཐུབ་ཚེ་ཧ་ཅང་ཁེ་ཕན་ཆེ་ཚུལ་སྐོར་སོགས་གསུངས།།