ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་གོང་སྤེལ་ལ་བརྩོན་པའི་ཆེད་ལས་པར་བཀའ་སློབ་སྩལ་དོན། དེ་ཡང་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བསམ་ཚེ་དེང་སང་ས་ཕྱོགས་གང་སར་ཞི་བདེ་དགོས་གལ་ཆེན་པོ་རྩི་བཞིན་ཡོད། དུས་རབས་སྔ་མར་ང་ཚོས་དངུལ་འབོར་ཆེན་དང་། དེ་བཞིན་ཚན་རིག་གི་ཤེས་ཚད་རྣམས་གོ་མཚོན་བཟོ་སྐྲུན་སྤྱི་དང་། ལྷག་པར་རྡུལ་ཕྲན་མཚོན་ཆའི་ཆེད་བདེ་སྤྱིད་བཏང་ཡོད། དེང་སང་མི་མང་པོས་ཞི་བདེའི་སྐོར་དོན་དམ་པའི་བློ་འཚབ་བྱེད་ཀྱི་ཡོད། འདི་གལ་ཆེན་པོ་རེད།
ད་ལྟ་ནད་ཡམས་ཀྱི་དཀའ་ངལ་འདིས་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་ཐེབས་ཡོད། འདི་འདྲའི་སྐབས་སུ་གོ་མཚོན་ལ་རྩལ་འདོན་བྱེད་པ་ནི་དངོས་ཡོད་ཀྱི་གནས་སྟངས་ལས་འདས་ཤིང་། དུས་ཚོད་ཀྱང་ཡོལ་ཟིན་པ་རེད། ད་ཆ་ང་ཚོས་འཛམ་གླིང་སྤྱིའི་ཞི་བདེའི་སྐོར་ངེས་པར་བསམ་ཤེས་བྱེད་དགོས། ཞི་བདེ་ཞེས་པ་གནམ་ནས་མར་འབབ་རྒྱུ་ཡོད་པ་ཞིག་མིན། ཞི་བདེའི་འགལ་ཟླ་ནི་འཚེ་བ་རེད། འཚེ་བ་བཟོ་མཁན་སུ་ཡིན་ཞེ་ན། དེ་ནི་ང་ཚོ་མིས་བཟོས་པ་རེད། དེའི་རྒྱུ་མཚན་གྱིས་ཞི་བདེ་བསྐྲུན་རྒྱུ་ཡང་རང་བཞིན་གྱིས་ང་ཚོའི་ལས་འགན་དུ་གྱུར་ཡོད།
ཞི་བདེ་ཞེས་པ་མཐར་གཏུགས་ན་ནང་གི་ཞི་བདེ་དང་འབྲེལ་ནས་ཡོད། སྤྱིར་གཞན་དང་ལྷག་པར་འགྲོ་བ་མི་ཐེར་འབུམ་བདུན་ལ་གཞན་ཕན་བྱམས་བརྩེའི་བསམ་པ་འཆང་དགོས་པ་ཡིན། འདི་ནི་ཞི་བདེའི་རྩ་བ་མཐར་ཐུག་པ་དེ་རེད། ང་ཚོས་ནང་གི་ཞི་བདེ་སྐྲུན་པའི་ཐབས་ལམ་ལ་ངེས་པར་འབད་དགོས། ནང་གི་ཞི་བདེ་དཀྲུགས་མཁན་ནི་ཁོང་ཁྲོ་དང་དངངས་སྐྲག་སོགས་ཡིན། ང་ཚོའི་རྒྱུད་ལ་ཁོང་ཁྲོ་སོགས་སེམས་བྱུང་འདྲ་མིན་སྣ་ཚོགས་ཡོད། བྱམས་པ། བཟོད་པ། དེ་བཞིན་འཁོན་འགྲས་མི་བཟུང་བ་སོགས་ནི་ནང་གི་ཞི་བདེའི་རྩ་བ་ཡིན། དེ་ལས་ལྡོག་པའི་ཁོང་ཁྲོ་དང་ཕྲག་དོག དངངས་སྐྲག་བཅས་ནི་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པས་འབྱུང་བ་ཡིན།
འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཙམ་ཡོད་པ་ལ་གཉེན་བཤེས་སམ་མིང་སྲིང་གི་འདུ་ཤེས་ཀྱིས་བྱམས་བརྩེའི་བསམ་བློ་བསྐྱེད་ཅིང་། རང་གཞན་གཉིས་ཀ་ཞི་བདེ་དང་འཛུམ་མདངས་ལ་དགའ་མོས་བྱེད་མཁན་གཅིག་གྱུར་ཡིན་པའི་བསམ་བློ་གཏོང་རྒྱུ་དེ་གལ་ཆེ། དེས་ན་གཞན་ལ་བརྩེ་བ་དང་འཛུམ་མདངས་ཀྱི་རྣམ་འགྱུར་སྟོན་དགོས་པ་ཡིན། འདི་ལྟར་བྱས་ནས་ང་ཚོས་ཐོག་མར་སྒེར། དེ་ནས་སྤྱི་ཚོགས། དེ་ནས་འཛམ་བུ་གླིང་སྤྱི་ལ་ཞི་བདེ་བསྐྲུན་དགོས།
དེ་ཡང་ཤེས་ཡོན་གྱི་ལམ་ནས་སྤེལ་དགོས་པ་ལས་སྐྱེ་བ་ཕྱི་མར་དང་ལྷ་ཡུལ་སོགས་ཆོས་ཀྱི་གནས་ཚུལ་དང་ངེས་པར་འབྲེལ་དགོས་དོན་མེད། འོན་ཀྱང་ཅི་སྟེ་མི་རང་བཞིན་གྱིས་བྱམས་བརྩེ་ལྡན་པ་ཞིག་བྱས་ནས་དཀོན་མཆོག་ལ་མཆོད་པ་མཆོག་ཏུ་གྱུར་པ་ནི་རང་གི་བྱམས་བརྩེའི་ཉམས་ལེན་དེ་ཉིད་ཀྱིས་འཐུས་པ་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་བཀོད་པ་པོ་ནི་བྱམས་བརྩེ་མཐར་ཐུག་པའི་བདག་ཉིད་ཅན་ཞིག་ཏུ་འདོད་པ་ཡིན། གཞན་ཡང་བྱམས་སྙིང་རྗེ་ནི་ཆོས་ལུགས་ཚང་མས་གསུང་གི་ཡོད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་བྱམས་བརྩེའི་ཉམས་ལེན་ནི་ཆོས་ཉམས་ལེན་གྱི་མཆོག་དེ་ཡིན།
ཆོས་ལུགས་འདྲ་མིན་སྣ་ཚོགས་པ་དག་གི་ལྟ་གྲུབ་དང་ལུགས་སྲོལ་མི་འདྲ་ཡང་། ཚང་མས་བྱམས་བརྩེའི་ཉམས་ལེན་དེ་བསླབ་བྱའི་གཙོ་བོར་སྟོན་གྱི་ཡོད། ང་ཚོས་ནང་གི་ཞི་བདེ་བསྐྲུན་ཐབས་ལ་གཙོ་བོར་འབད་དགོས་ཏེ། དེ་ལ་བརྟེན་ནས་ཞི་བདེ་ངོ་མ་དེ་འབྱུང་བ་ཡིན། ད་ལྟའི་དུས་རབས་འདི་ཞི་བདེའི་དུས་རབས་ཤིག་ཏུ་འགྱུར་དགོས། དུས་རབས་ཞི་བདེ་ཅན་དུ་བསྐྲུན་པར་རང་གི་ནང་སེམས་ལ་བལྟ་དགོས་ཤིང་། དེ་ཡང་ཞི་བདེ་དཀྲུག་མཁན་གྱི་སེམས་བྱུང་རྣམས་ཇེ་ཆུང་དུ་གཏོང་བར་འབད་དགོས།
མི་གཅིག་ལ་ཁོང་ཁྲོ་ཡོད་ན་དེའི་ཁོར་ཡུག་གི་ཞི་བདེ་འཇོམས་པར་བྱེད་ཅིང་། འདི་ནི་ཁོང་ཁྲོའི་བྱེད་ལས་ཡིན། སྙིང་རྗེ་ནི་རང་གི་ཁོར་ཡུག་དེ་ཞི་བདེ་ཅན་ཞིག་ཏུ་སྒྱུར་གྱི་ཡོད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ང་ཚོས་ནང་གི་ཞི་བདེར་དོ་སྣང་ངེས་པར་བྱེད་དགོས་ཤིང་། སེམས་སེམས་བྱུང་ཇི་འདྲ་བ་ཞིག་གིས་ཞི་བདེ་འཇོམས་པར་བྱེད་པའི་སྐོར་ཡང་ཤེས་པ་བྱེད་དགོས། ཁོང་ཁྲོ་ནི་ལུས་པོའི་འཕྲོད་བསྟེན་ལ་གནོད་ཚབས་ཆེན་པོ་ཡོད། ཁོང་ཁྲོ་ཡང་ཡང་སྐྱེས་པ་ལ་བརྟེན་ནས་སྙིང་གི་གཡོ་འགུལ་དྲག་པོ་དང་ཁྲག་ཤེད་འཕར་བ་སོགས་ཡོང་གི་ཡོད། ནང་ཞི་བདེ་དང་བྱམས་བརྩེའི་བསམ་བློ་ལ་བརྟེན་ནས་ལུས་ཁམས་བདེ་ཞིང་ཁྲག་ཤེད་ཀྱང་ཆུང་དུ་འགྲོ་ཡི་ཡོད།
སྤྱིར་ང་ཚོར་འགྲོ་བ་མི་ཡིན་པའི་ཆ་ནས་རྟག་ཏུ་དཀའ་ངལ་མང་ཡང་། ནང་གི་ཞི་བདེ་ཡོད་ན་དཀའ་ངལ་བྱུང་ཡང་སེམས་མི་འཁྲུག་ཅིང་ཞི་བར་གནས་ཐུབ། ནང་གི་ཞི་བདེ་ནི་སེམས་ཀྱི་འཕྲོད་བསྟེན་བྱེད་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན། ངོས་ཀྱིས་རྒྱུན་ལྡན་དུ་ལུས་པོའི་འཕྲོད་བསྟེན་ཙམ་མིན་པར་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་སྐོར་ཡང་ཡང་བརྗོད་ཀྱི་ཡོད། དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་ནང་སེམས་ཁམས་ཀྱི་སྐོར་དེ་ཙམ་འཐོན་གྱི་མེད། རྒྱ་གར་གི་རིག་གཞུང་སྤྱི་དང་ཁྱད་པར་ནང་པའི་གཞུང་ནས་སེམས་དང་སེམས་བྱུང་གི་སྐོར་དང་། ཉོན་མོངས་ཅན་གྱི་སེམས་སེམས་བྱུང་ལ་གཉེན་པོ་ཇི་ལྟར་སྟེན་ཚུལ་སྐོར་ཤིན་ཏུ་རྒྱ་ཆེར་གསུངས་ཡོད།
དེས་ན་ཆོས་དང་མ་འབྲེལ་བར་ཤེས་ཡོན་གྱི་སྡེ་ཚན་དུ་བརྩིས་ནས་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་ཡིན། ངོས་རང་གི་གྲོགས་པོའི་ནང་ཚན་རིག་པ་མང་པོ་ཡོད་ཅིང་། དེ་དག་གིས་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག བྱམས་བརྩེ་དགོས་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཚན་རིག་པ་ལྟར་ན། ང་ཚོ་འགྲོ་བ་མིའི་རིགས་ནི། སྤྱི་ཚོགས་ལ་བརྟེན་ནས་འཚོ་བ་ཡིན་ཞིང་། དེའི་དབང་གིས་སྤྱི་ཚོགས་དང་འབྲེལ་བའི་སེམས་ཁུར་རམ་བྱམས་སྙིང་རྗེ་དེ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དུ་ཡོད།
ལྷན་སྐྱེས་ཀྱི་བྱམས་བརྩེ་དེ་ཉིད་གཞིར་བཟུང་ནས་རང་གི་རྣམ་དཔྱོད་ལས་ཐོན་པའི་རྒྱུ་མཚན་དང་། ཚན་རིག་པའི་རྙེད་དོོན་རྣམས་ལ་བརྟེན་ནས་བྱམས་བརྩེ་སྤེལ་ཞིང་ནང་གི་ཞི་བདེ་བསྐྲུན་ཐབས་འབད་དགོས། འདི་དག་ནི་ཁྱེད་རྣམ་པར་ཞུ་འདོད་བྱུང་། འདི་དག་ཀྱང་ཚིག་ཙམ་མིན་པར་ངོས་རང་གིས་དངོས་སུ་ཉམས་སུ་ལེན་གྱི་ཡོད། ཐུགས་རྗེ་ཆེ། །