ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ རེས་གཟའ་ཉི་མ།
༄༅། །ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་ཐེ་ཝན་མི་མང་གིས་མང་གཙོའི་ཡབ་ཆེན་དུ་འབོད་པ་སྐུ་ཞབས་ལེ་ཏིང་ཧུའི་ Mr Lee Teng-hui མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གཞུང་འབྲེལ་དྲན་རྟེན་མཛད་སྒོ་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༩ ཉིན་ཐེ་ཝན་གྱི་རྒྱལ་ས་ཐའི་པེ་རུ་ཚོགས་ཡོད་པ་དང་། སྲིད་འཛིན་དམ་པ་དེ་ཉིད་ཀྱི་དྲན་རྟེན་མཛད་སྒོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༩ ཉིན་བརྙན་ཐུང་བརྒྱུད་གསུང་འཕྲིན་སྩལ་དོན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་འདས་པོ་ལེ་ཏིང་ཧུའི་མཆོག་ནི་ངོས་ཀྱི་བློ་ཐུབ་གྲོགས་པོ་ཞིག་ཡིན། དམ་པ་ཁོང་གིས་མང་གཙོའི་ཆེད་དུ་བློས་བཏང་གནང་ཡོད།
སྒེར་གྱི་ངོས་ནས་ཆ་བཞག་ནའང་ངོས་རང་ཐེངས་དང་པོ་ཐེ་ཝན་གྱི་རྒྱལ་ས་ཐའི་པེ་རུ་འབྱོར་སྐབས་ཁོང་གིས་ཕྱག་གཉིས་ཀྱི་ལག་མཐིལ་ཚུར་བསྟན་ནས་ངོས་རང་ལ་ཕེབས་བསུའི་སྣེ་ལེན་གནང་བྱུང་། ངོས་ཀྱིས་ཀྱང་ལག་གཉིས་དེ་ལྟར་བསྟན་པ་ཡིན། དེ་ནས་བཟུང་ང་ཚོ་སེམས་ཐག་ཉེ་པོའི་གྲོགས་པོ་ཆགས་སོང་། དམ་པ་ཁོང་གིས་མང་གཙོ་དང་རང་དབང་། དེ་བཞིན་ཐེ་ཝན་གྱི་རིག་གཞུང་གཅེས་འཛིན་སླད་ཆོད་སེམས་བརྟན་པོའི་སྒོ་ནས་ཕྱག་ལས་གནང་བར་ངོས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད།
ངོས་རང་དམ་པ་ཁོང་གི་སེམས་ཐག་ཉེ་པོའི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་དུས་རྟག་ཏུ་ཁོང་དྲན་གསོ་བྱེད་བཞིན་ཡོད། ལྷག་པར་ནང་པ་ཞིག་ཡིན་པའི་ཆ་ནས་རྟག་པར་སྨོན་ལམ་རྒྱག་གི་ཡོད། དམ་པ་ཁོང་གིས་ཕྱག་ལས་ཧུར་ཐག་གནང་བར་རྗེས་སུ་ཡི་རངས་ཞུ་གི་ཡོད། ད་ལྟ་ཁོང་འཇིག་རྟེན་འདིར་བཞུགས་མེད་ནའང་། ང་ཚོ་ནང་པ་རྣམས་ནས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཕལ་ཆེར་ཁོང་ཐེ་ཝན་ནང་སྐྱེ་བ་ལེན་གྱི་རེད། ཁོང་གི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ཡིན་མིན་ལ་མ་ལྟོས་པར། ངོས་ཀྱིས་ཁོང་གི་ཡང་སྲིད་འཁྲུང་བར་སྨོན་ལམ་རྒྱག་གི་ཡོད། སྐྱེ་བ་བླངས་པ་ཡིན་ན་ཁོང་གིས་མུ་མཐུད་ཁོང་གི་ལས་འཕྲོ་རྣམས་མཇུག་སྐྱོང་གནང་གི་རེད། ཐུགས་རྗེ་ཆེ། །