ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་གྱི་སྒྱུ་རྩལ་བ་དང་ཤེས་ཡོན་མི་སྣ་གྲགས་གྲས། ཡུན་རིང་བོད་མི་དང་བོད་དོན། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝཏྶྱ་ཡན་ Dr. Kapila Vatsyayan མཆོག་དགུང་ལོ་ ༩༢ ཐོག་སྐུ་ཚེའི་འཕེན་པར་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་གཅུང་པོ་སུ་བྷཤ་བྷ་ཤི་ Subash Bhashi ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། ངོས་རང་ཕྱི་ལོ་ ༡༩༥༦ ལོར་ཐོག་མར་རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩིའི་མཛད་སྒོར་བཅར་བའི་སྐབས་ནས་དམ་པ་ཀ་པི་ལ་ཝཏྶྱ་ཡན་མཆོག་ངོ་ཤེས་ཀྱི་ཡོད།
ངོས་ཀྱིས་ནམ་རྒྱུན་དམ་པ་ཁོང་ལ་ཨ་མ་ལགས་ཞེས་འབོད་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་གིས་ངོས་རང་ཙམ་མ་ཟད་བོད་མི་གཞན་པ་ཚོ་ལའང་སོ་སོའི་ཨ་མ་ནང་བཞིན་བྱམས་སྐྱོང་གནང་གི་རེད། དམ་པ་ཁོང་གིས་བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་ཐད་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་ཡོད་པས་བཀའ་དྲིན་ཆེན་པོ་ཡིན།
གཞན་ཡང་ཕྱི་ལོ་ ༡༩༧༠ ནང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཐོག་མར་གསར་འཛུགས་གནང་སྐབས་སུའང་དམ་པ་ཁོང་གིས་ཧུར་ཐག་གནང་ཡོད། སློབ་གཉེར་ཁང་དེ་ནི་རིམ་པས་རྒྱ་གར་གྱི་གནའ་བོའི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ་སློབ་གཉེར་བྱེད་སའི་བསྟི་གནས་སུ་གྱུར་ཡོད།
དམ་པ་ཁོང་གིས་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་དྲུང་ཆེ་གནང་མྱོང་བ་མ་ཟད། རྒས་ཡོལ་མ་ཐོན་བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཛིན་འགན་ཁུར་རྐང་བཞེས་གནང་ཡོད། དམ་པ་ཁོང་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གི་ཚོགས་གཙོ་ཡང་གནང་ཡོད།
ངོས་ཀྱིས་དམ་པ་ཁོང་ནི་མི་ཚེ་གང་པོར་བོད་མིའི་གྲོགས་པོ་ཞིག་ཡིན་པ་རྩི་ཡི་ཡོད། དམ་པ་ཁོང་གིས་བོད་ཀྱི་ཐུན་མིན་ཆོས་རིག་མི་ཉམས་རྒྱུན་འཛིན་ཐད་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། གནད་དོན་གལ་ཆེ་ཐོག་ལ་ཡིན་ནའང་ཐད་ཀར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ང་ཚོ་ཕན་ཚུན་དབར་ལོ་མང་རིང་རྒྱུན་དུ་འབྲེལ་བ་གནང་གི་ཡོད་པ་མ་ཟད། ན་ནིང་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཐའ་མའི་མཇལ་འཕྲད་དེ་བྱུང་།
མཐར་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པ་དེ་རྒྱ་གར་བ་དང་བོད་མི་ཚང་མར་རླབས་ཆེན་གྱི་གྲོགས་པོ་ཞིག་མེད་པ་ཆགས་པ་ཙམ་མ་ཟད། རྒྱ་གར་གནའ་བོའི་རིག་གཞུང་དང་སྒྱུ་རྩལ་ཐོག་མཁས་དབང་ཆེན་པོ་ཞིག་ཀྱང་ཡིན། ཁོང་གིས་དགུང་གྲངས་ ༩༢ བར་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བ་དང་། སྐུ་འཚོ་བཞུགས་རིང་རྒྱལ་ཁབ་ཀྱི་སླད་དུ་བློས་བཏང་གིས་ཕྱག་ལས་གནང་བ་ནི་ཚང་མར་སེམས་ཤུགས་བསྐྱེད་འོས་པ་ཞིག་རེད། ཅེས་འཁོད་འདུག །
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།