ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར།
༄༅། །རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་ Pranab Mukherjee མཆོག་ནད་མནར་གྱི་རྐྱེན་པས་དགུང་ལོ་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གི་བུ་ཨ་བི་ཇིཊ་མུ་ཁར་ཇི་ Abhijeet Mukherjee ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱི་ཕ་འདས་གྲོངས་སུ་གྱུར་བར་ངོས་རང་ཧ་ཅང་བློ་ཕམ་བྱུང་། ངོས་ཀྱིས་དམ་པ་ཁོང་དྲན་པའི་ཐོག་ཐུགས་སྨོན་ཞུ་རྒྱུ་དང་། སྐུ་ཉིད་དང་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་དང་མཇལ་འཕྲད་གནང་བའི་སྐོར་དྲན་གསོ་མཛད་པ་དང་། སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གིས་ལོ་མང་རིང་རྒྱ་གར་མི་མང་ལ་ཞབས་འདེགས་ཞུས་ཏེ་མཐར་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་དབུ་འཁྲིད་ཆགས་ཡོད།
དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་གཞན་དོན་སླད་ཕྱག་ལས་གནང་བར་བརྟེན་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་པས་ཕྱོགས་གཅིག་ནས་ང་ཚོས་དགའ་བ་བསྒོམ་དགོས། ཞེས་འཁོད་འདུག །
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།