ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨོ་སི་མན་བྷ་ཀར་ Datuk Dr. Osman Bakar ལགས་དང་ལྷན་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་བྱམས་བརྩེ་དང་སྙིང་རྗེ་ནི་ནང་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་ཐུན་མོང་གི་རིན་ཐང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་གནང་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། མ་ལེ་ཤི་ཡའི་ཁ་ཆེ་ཚོ་དང་མཉམ་བགྲོ་གླེང་འཚོགས་རྒྱུ་བྱུང་བས་ངོས་རང་དངོས་གནས་དྲང་གནས་དགའ་པོ་བྱུང་། ངོས་རང་བྱིས་པ་ཡིན་པའི་སྐབས་ནས་ངོས་རང་སྐྱེས་སའི་གྲོང་གསེབ་སྟག་འཚེར་དུ་ཁ་ཆེའི་ཁྱིམ་ཚང་ཡོད། ང་ཚོ་ཕན་ཚུན་དབར་སེམས་ཐག་ཉེ་པོ་ཡོད།
ངོས་རང་ལྷ་སར་འབྱོར་རྗེས་བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་དེ་འདྲ་འཚོགས་པའི་སྐབས་ས་གནས་ཁ་ཆེ་ཚོའི་སྐུ་ཚབ་མཉམ་ཞུགས་གནང་གི་ཡོད། ཁ་ཆེ་ལ་དྭགས་ནས་ལྷ་སར་ཡོང་བའི་ལོ་རྒྱུས་བཤད་སྲོལ་ཡོད་པ་མ་ཟད། ༸གོང་ས་ལྔ་པ་ཆེན་པོས་ཁ་ཆེ་ཚོར་ཁ་ཆེའི་ལྷ་ཁང་འཛུགས་སྐྲུན་ཆེད་དུ་ས་ཆ་གནང་ཡོད། ངོས་རང་ཆུང་ཆུང་ཡིན་པའི་སྐབས་ནས་ལྷ་སའི་ཁ་ཆེའི་སྐུ་ཚབ་ཚོ་དང་ལྷན་ཕན་ཚུན་རྒྱུས་མངའ་ཡོད། བོད་གཞུང་གི་སྐུ་ཚབ་སྐུ་འབུམ་ཁུལ་དུ་༧རྒྱལ་མཆོག་སྐུ་ཕྲེང་ ༡༣ པའི་ཡང་སྲིད་འཚོལ་དུ་ཕེབས་པ་རེད། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་སྐུ་འབུམ་ཁུལ་དུ་འབྱོར་སྐབས་ཕྲུ་གུ་གསུམ་ཡོད་པའི་ཁྲོད་ནས་གཅིག་འདས་གྲོངས་སུ་གྱུར་ཡོད།
སྐབས་དེ་དུས་མཚོ་སྔོན་གྱི་སྤྱི་ཁྱབ་པ་རྒྱ་ཁ་ཆེ་རྨ་སྤུ་ཧྥང་ཞེས་པ་དེ་ཡིན། ཁོང་གིས་ངོས་རང་དང་ཕྲུ་གུ་གཞན་གཉིས་ལ་མངར་ཆ་སྡེར་མ་གཅིག་སྤྲད་པ་དང་། ཕྲུ་གུ་གཞན་དེས་སྐྲག་སྣང་དང་ལྟོགས་རྔམས་བྱས་ཏེ་སྦར་བ་གང་བླངས་ཡོད། ངོས་རང་གིས་སྐྲག་སྣང་གང་ཡང་མེད་པར་བྱི་རིལ་གཅིག་བླངས་ཏེ་ཨ་མ་ལགས་ལ་སྤྲད་པ་དང་། བྱི་རིལ་གཅིག་ངོས་རང་གིས་སྤམ་པོ་བྱས་ནས་ཟོས་སོང་ཞེས་ཨ་མ་ལགས་ཀྱིས་བཤད་མྱོང་ཡོད། དེ་རྗེས་རྨ་ཀྲུའུ་ཞིས་ངོས་རང་༧རྒྱལ་དབང་སྐུ་ཕྲེང་ ༡༣ པའི་ཡང་སྲིད་རེད། ཅེས་ཐག་གཅོད་བྱས་འདུག
དེར་བརྟེན་ངོས་རང་༸རྒྱལ་དབང་སྐུ་ཕྲེང་ ༡༣ པའི་ཡང་སྲིད་ཡིན་པ་ཐག་གཅོད་གནང་མཁན་དང་པོ་དེ་ཁ་ཆེ་རེད། དེ་ནས་བཟུང་རྨ་ཀྲུའུ་ཞིས་ངོས་རང་གི་ནང་མི་ཚོར་དམིགས་བསལ་གྱིས་ལྟ་རྟོག་གནང་འདུག ཁ་ཆེ་དང་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
བགྲོ་གླེང་འདི་བཞིན་ནང་པ་དང་ཁ་ཆེའི་གླེང་སྟེགས་ཞེས་པའི་ཆ་ཤས་སུ་མ་ལེ་ཤི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མ་ལེ་ཤི་ཡའི་ཁ་ཆེ་གཞོན་སྐྱེས་ཀྱི་ལས་འགུལ་ཞེས་པའི་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན། །