ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་། ཤེས་ཡོན་འགན་འཛིན། མདུན་ལམ་སློབ་སྟོན་པ་རྣམས་ལ་གཙོ་བོར་དམིགས་ཏེ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ ནས་ ༡༨ བར་དྲ་རྒྱ་བརྒྱུད་མདུན་ལམ་སློབ་སྟོན་གྱི་རྩ་འཛིན་ལམ་སྟོན་གསར་པའི་ཐོག་ཟབ་སྦྱོང་ཚོགས་ཡོད།
ཐེངས་འདིའི་དྲ་ཐོག་གི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། སློབ་མས་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་སྤྲོ་སྣང་གི་ཁོར་ཡུག་བསྐྲུན་ཆེད་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་རྣམས་ནས་འགན་འཁུར་གནང་དགོས་པའི་སྐོར་དང་། མདུན་ལམ་སློབ་སྟོན་གྱི་རྩ་འཛིན་ལམ་སྟོན་གསར་པའི་ཐོག་གོ་རྟོགས་སྤེལ་སླད་ཟབ་སྦྱོང་ཚོགས་པ་ཞིག་ཡིན་ཞིང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་གྲྭའི་སློབ་སྤྱི་རྣམ་པས་མདུན་ལམ་སློབ་སྟོན་གྱི་རྩ་འཛིན་ལམ་སྟོན་གསར་པ་ངོས་འཛིན་ཐོག་སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་པ་རུ་ཁག་གསར་པ་ཞིག་གོ་སྒྲིག་ཡོང་བའི་རེ་སྐུལ་ཞུས་ཡོད།
མུལ་ཅན་ཌི་སྨན་ཁང་ Moolchand Hospital གི་སེམས་ཁམས་འཁྲུག་པའི་ནད་རིགས་བཅོས་ཐབས་ཀྱི་སྨན་པ་ཇི་ཏེན་ཌར་ནཱག་པལ་ Dr. Jitendra Nagpal ལགས་ཀྱིས། སློབ་གྲྭའི་འགན་འཛིན་རྣམ་པས་སློབ་གྲྭར་ཤེས་ཡོན་སྦྱོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད་འགན་འཁུར་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་། གཞན་ཡང་ཤེས་ཡོན་ཐོག་ཆེད་མཁས་པ་རེ་ཁ་ཅོ་ཧན་ Mrs. Rekha Chauhan ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སླད་མདུན་ལམ་སློབ་སྟོན་གྱི་རྩ་འཛིན་ལམ་སྟོན་གསར་པ་ཞིག་ཀྱང་མཐུན་འགྱུར་རོགས་རམ་ཡང་གནང་ཡོད།
ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི། སེམས་ཁམས་འཕྲོད་བསྟེན་དང་། ལང་ཚོའི་དུས་སྐབས་ཀྱི་དཀའ་ངལ། དབང་ཡོད་ཐུབ་ཚོད། མྱོས་རྫས་ལང་ཤོར། དེ་བཞིན་མདུན་ལམ་སློབ་སྟོན་པའི་ལས་འགན་དང་བཟང་སྤྱོད་སོགས་ཀྱི་སྐོར་ཟབ་སྦྱོང་གནང་ཡོད། སྨན་པ་ཇི་ཏེན་ཌར་ནཱག་པལ་ Dr. Jitendra Nagpal ལགས་ཀྱིས། གཙོ་བོ་སློབ་གྲྭའི་སློབ་ཕྲུག་ཚོའི་བདེ་སྡུག་ལ་དམིགས་ཏེ་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་ཚོས་སློབ་གྲྭའི་སློབ་སྤྱི་དང་། དགེ་རྒན། ལས་བྱེད་རྣམ་པ་ཚོ་དང་ལྷན་མཉམ་རུབ་ཐོག་ཕྱག་ལས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
ཕྱོགས་མཚུངས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཟབ་སྦྱོང་གི་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་གནང་མཁན་དང་ཁྱད་སྟོན་མི་སྣས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་གྲངས་ ༡༨ དང་། ཤེས་ཡོན་འགན་འཛིན་གྲངས་ ༣ ། མདུན་ལམ་སློབ་སྟོན་པ་གྲངས་ ༢༣ བཅས་ཁྱོན་མཉམ་ཞུགས་གནང་མཁན་གྲངས་ ༤༦ བྱུང་ཡོད། ཁེ་ན་ཌ་རྒྱལ་སྤྱིའི་རོགས་ཚོགས་ Global Affairs Canada ཞེས་པས་ཟབ་སྦྱོང་སླད་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་པ་བཅས། །