ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་བཅས་ཀྱི་སྐོར་ལ་གནས་ཚུལ་འཁྱོག་བཤད་སྤེལ་མཁན་རང་དབང་གསར་འགོད་པ་ར་ཇིབ་ཤར་མ་ Rajeev Sharma ཟེར་བ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་རྒྱ་ནག་གི་སོ་མྱུལ་བ་ཡིན་པ་ར་འཕྲོད་ཀྱིས་འཛིན་བཟུང་བྱས་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ལྡི་ལིའི་ཉེན་རྟོག་པས་གསར་འགོད་གསལ་བསྒྲགས་སྤེལ་གསལ་ལྟར་ན། རྒྱ་གར་བ་ར་ཇིབ་ཤར་མས་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་ལ་རྒྱ་གར་ས་མཚམས་ཀྱི་འཐབ་བྱུས་སྐོར་དང་། དམག་མི་འགྲེམ་འཇོག བདེ་སྲུང་། ཕྱི་སྲིད་དང་འབྲེལ་བའི་སྐོར་གནས་ཚུལ་མཁོ་སྤྲོད་བྱས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་ལ་མཁོ་སྤྲོད་བྱས་པར་བརྟེན་ཕྱི་ཚེས་ ༡༤ ཉིན་འཛིན་བཟུང་བཀག་ཉར་བྱས་འདུག ར་ཇིབ་ཤར་མས་གསར་འགྱུར་བརྒྱུད་ལམ་གྱི་སྡིངས་ཆ་བེད་སྤྱོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྩིས་མེད་དུ་གཏོང་རྒྱུར་འབད་བརྩོན་བྱས་ཡོད་པ་མ་ཟད། གལ་ཆེའི་གནས་ཚུལ་ཁག་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་བཏང་ཡོད་པ་དང་། གསར་འགོད་པ་དེས་ཕྱི་ལོ་ ༢༠༡༨ ལོར་ South Asian Monitor དང་ The Quint ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྐོར་ལ་རྩོམ་ཡིག་བྲིས་ཏེ་གནས་ཚུལ་འཁྱོག་བཤད་སྤེལ་ཡོད།
ལྡི་ལིའི་ཉེན་རྟོག་པས་གསུང་དོན་ལྟར་ན། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་རྒྱ་རིགས་ལས་བྱེད་ཇོར་ཇི་ George ཡིས་ར་ཇིབ་ཤར་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གནད་དོན་སྐོར་རྩོམ་ཡིག་འབྲི་ཚེ་གནས་ཚུལ་རེར་ཨ་སྒོར་ ༥༠༠ སྤྲོད་རྒྱུ་ཡིན་སྐོར་བཤད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་མ་ཡི་ཀལ་ Michael ཟེར་བ་ཞིག་གིས་ར་ཇིབ་ཤར་མར་འབྲེལ་བ་བྱས་རྗེས། ར་ཇིབ་ཤར་མར་རྒྱ་ནག་ལ་ཕྱིན་པ་དང་། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་ཁོ་པར་དངུལ་ཕོན་ཆེན་པོ་སྤྲད་ཡོད་པའི་སྐོར་གསུང་།
ཕྱི་ལོ་ ༢༠༡༩ ཟླ་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ བར་ར་ཇིབ་ཤར་མས་རྒྱ་རིགས་ལས་བྱེད་ཇོར་ཇི་ལ་གནས་ཚུལ་གལ་ཆེན་རིགས་སྤྲད་པ་དང་། རྒྱ་རིགས་ལས་བྱེད་ཇོར་ཇི་ནས་ར་ཇིབ་ཤར་མར་ཧིན་སྒོར་འབུམ་ ༣༠ སྤྲད་ཡོད་པའི་སྐོར་གསུངས། །