ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ལ་དྭགས་ལྷོ་བྱང་གཞིས་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་ཁྱབ་ཁོངས་ས་གནས་བོད་ཁྱིམ་རྒས་གསོ་ཁང་དུ་ཉེ་དུས་རྒས་འཁོགས་གྲངས་ ༣༠ ཙམ་ལ་ཏོག་དབྱིབས་གཉན་རིམས་ཕོག་ནས་ཛ་དྲག་གནས་སྟངས་སུ་འགྱུར་བའི་སྐབས་འདི་གའི་ལས་ཁུངས་ནས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ Director Health Service འབྲེལ་ཞུས་ཀྱིས་ནད་ཡམས་དེ་དང་འབྲེལ་བའི་སྔོན་འགོག་དུག་སེལ་ཡོ་ཆས་ Sanitizing Machine གྲངས་ ༢ དང་། ལག་སྲིན་སེལ་བྱེད་གྲངས་ ༧༡༨ ། ལག་ཤུབས་གྲངས་ ༩༥༠ ། ཁ་རས་གྲངས་ ༨༥༠ ། སྲོག་འཛིན་རླུང་ཡོ་ཆས་ Oxygen Cylinder གྲངས་ ༡༠ ། མིག་ཤེལ་གྲངས་ ༦༦༧ ། དུག་སེལ་སྨན་ཆུ་ལི་ཊར་ litre ལྔ་ཅན་གྲངས་ ༡༠ ། རང་སྲུང་ཡོ་བྱད་གྲངས་ ༨༧༠ བཅས་ཀྱི་མཐུན་འགྱུར་སྦྱར་ཐུབ་པ་བྱུང་ཡོད།
དེ་མིན་དྭང་བླངས་སྨན་ཞབས་པ་དང་གཞན་དྭང་བླངས་ཁག་གཅིག་གྲ་སྒྲིག་ཞུ་ཐུབ་པ་མ་ཟད། དབུས་འཛིན་མངའ་ཁུལ་ནས་རྒས་གསོ་ཁང་གི་རྒས་འཁོགས་ལས་བྱེད་གཙོས་པའི་ནད་པ་དང་འབྲེལ་བ་བྱུང་བ་བཅས་ཁྱོན་མི་གྲངས་ ༣༢༠ ལ་ནད་རྟགས་ཡོད་མེད་བརྟག་དཔྱད་རིན་མེད་ཐོག་ཕུལ་ཐུབ་པ་དང་། ནད་རྟགས་ཡོད་པའི་ནད་པ་ཛ་དྲག་རྣམས་སྨན་ཁང་དུ་རིན་མེད་ཀྱི་སྨན་བཅོས་མཐུན་འགྱུར་ཞུ་བཞིན་ཡོད་པ་བཅས། །