ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས། ཤར་ཏུར་ཀི་སི་ཐན་གྱི་བཙན་དབང་གི་ལས་རིགས་སྦྱོང་བརྡར་སྒྲིག་འཛུགས་བོད་དུ་སླེབས་པ་ Xinjiang’s Militarized Vocational Training System Comes to Tibet ཞེས་པའི་འགོ་བརྗོད་འོག་བོད་ནང་གི་བོད་མིའི་ཐོག་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་གསེབ་ཁག་ནས་བོད་རིགས་ངལ་རྩོལ་བ་འབུམ་ལྔ་ཙམ་སྦྱོང་བརྡར་བསྟི་གནས་ཁང་དུ་ཁྲིད་ནས་དམག་མི་ལྟར་སྦྱོང་བརྡར་སྤྲད་པ་མ་ཟད། བོད་མི་ངལ་རྩོལ་བ་ཁྲི་ལྔ་ཙམ་བོད་དུ་ངལ་རྩོལ་ཆེད་བགོ་འགྲེམས་དང་། ལྷག་མ་སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ལ་འོར་འདྲེན་བྱས་ཡོད་པའི་སྙན་ཐོ་བཏོན་ཡོད།
གོང་གི་གནས་ཚུལ་དང་འབྲེལ་ནས་ཨ་རི་དང་། ཨིན་ཡུལ། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊི་ལི་ཡ། ཁེ་ན་ཌ། ཨི་ཊ་ལེ། འཇར་མན་ནི། ཉི་འོང་། ནོར་ཝེ། སུད་ཌེན། ཨིན་ཡུལ། ནི་ཐར་ལན་ཌི། ལི་ཐུ་ནི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཕ་རན་སི། སུད་སི་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་རྒྱ་ནག་ལ་ཁ་གཏད་གཅོག་མཁན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ Inter-Parliamentary Alliance on China (IPAC) ཞེས་པའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ ནས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན། ང་ཚོས་མཉམ་རུབ་ཐོག་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་བཞིན་ཡོད་ཅེས་དང་། གཞན་ཡང་གྲོས་ཚོགས་འཐུས་མི་ ༦༣ ནས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ལ་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་དེར་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ ནས་ཁ་གཅིག་གྲག་ཏུ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེེར་ངོ་རྒོལ་དང་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་གཞི་རྩའི་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་འོག་མནར་སྤྱོད་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་བརྡ་ལན་བཟང་པོ་ཞིག་སྤྲད་ཡོད། ཅེས་གསུང་།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་དམིགས་བསལ་གྱི་འདྲི་ཞིབ་ཚོགས་ཆུང་འཛུགས་དགོས་པའི་དུས་ལ་བབས་ཡོད་ཅེས་གསུངས།།