ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༥ འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༨ རེས་གཟའ་པ་སངས་ཉིན་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་སོགས་མཚམས་འཇོག་བྱེད་དགོས་པ་དང་། ད་ཆ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་སོགས་གསལ་འདོན་ཆེད་ཞི་བའི་ངོ་རྒོལ་གྱིས་སྐད་འབོད་རྒྱ་ཆེ་གནང་ཡོད་པ་དང་། ལས་འགུལ་དེའི་ཐོག་ཉེ་ཆར་ཕྱི་ཚེས་ ༨ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་ཇི་ནེ་ཝ་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་བསྟན་རྣམ་ཕུན་ཚོགས་ལགས་དང་། སྤེན་པ་ཚེ་རིང་ལགས། བཀྲ་ཤིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས། བློ་བཟང་ལགས་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་པ་ཁག་གི་ཚོགས་མི་རྣམས་ Place des Nation ཞེས་པའི་ས་གནས་སུ་ལྷན་འཛོམས་ཀྱིས་རྒྱ་ནག་གཞུང་གི་བོད་ཙམ་མ་ཟད། རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གཅིག་ལའང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མགྱོགས་མྱུར་མཚམས་འཇོག་དགོས་པའི་ངོ་རྒོལ་གནང་ཡོད།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས། སུད་སིའི་བུད་མེད་ཚོགས་པའི་ཚོགས་གཙོ་ནོར་འཛོམས་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་གསར་འགོད་འབྲེལ་མཐུད་པ་ Uwe Meya ལགས་བཅས་ཕེབས་ཡོད། སྐབས་དེར་སུད་བོད་མཛའ་འབྲེལ་ཚོགས་པའི་གསར་འགོད་འབྲེལ་མཐུད་པས་བོད་མི་ལྔས་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་བར་བསྔགས་བརྗོད་དང་འབྲེལ་ཆེ་བསྟོད་སླད་འགུལ་དར་ཕུལ་ཡོད་པ་དང་། གཞན་ཡང་དེ་སྔ་རྐང་འཁོར་བརྒྱུད་བོད་དོན་ལས་འགུལ་སྤེལ་མཁན་རྣམས་ལའང་ཆེ་བསྟོད་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་ཆ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་དུ་གྱུར་ཡོད་སྐོར་ཐད་གསུང་དོན། རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ལ་གནོད་སྐྱོན་འཚབ་ཆེ་བྱུང་ཡོད་པ་དང་། ལྷག་པར་གཞིས་བཞུགས་བོད་མིའི་གནས་སྟངས་ཛ་དྲག་པོར་ལྷུང་ཡོད། ད་ལྟའང་བོད་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་གཞིས་བཞུགས་བོད་མིར་བཙན་གནོན་དང་བོད་མི་རྣམས་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སློབ་གཉེར་བྱེད་མི་ཆོག་པའི་སྒོ་ནས་བོད་མི་རྣམས་རྒྱ་མིར་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་བཏིང་བཞིན་ཡོད། ཅེས་གསུངས།
དེ་ནས་གོམ་བགྲོད་པ་དང་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ Michelle Bachelet མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་ཡོད་པ་བཅས། །