ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །རང་རིགས་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར། ཉེ་ཆར་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་དོན་ལྟར། བཞུགས་སྒར་གྱིས་གཙོས་བོད་མིའི་གཞིས་སྒར་ཁག་ལ་ནད་ཡམས་ཀྱི་ཉེན་དོགས་ཆེ་རུ་འགྲོ་གཞིའི་ཁར། རྒྱ་གར་བྱང་རྒྱུད་ས་མཚམས་སུ་འཁྲུག་རྩོད་ཀྱི་གནས་སྟངས་ཀྱང་ཅི་ཆེ་ཡོད་མུས་ཁག་རྨེག་མེད་དུ་ཞི་བ་དང་། རང་རེའི་སྤྱི་མཐུན་བསོད་ནམས་གོང་སྤེལ་གཏོང་རྒྱུ་བཅས་ཀྱི་ཕྱིར། བླ་ལྷའི་ཐུགས་དམ་དགོངས་དོན། ཚོགས་སྒེར་ཡོངས་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡིག་དྲུག་དང་། འཕགས་མ་སྒྲོལ་མའི་བསྟོད་པ། སྒྲོལ་མའི་གཟུངས་སྔགས། ༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མདོ་ཚན་གྲས་ནས་འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ་བཅས་ཀྱི་སྤྱི་རིམ་རྒྱུན་བསྲིངས་བྱ་དགོས་ཕེབས་ཡོད་པ། ཚོགས་སྒེར་ཡོངས་ནས་རང་དོན་རང་གཅེས་ཀྱིས་འབད་བསྒྲུབ་གནང་གལ་ཤིན་ཏུ་ཆེ་བ་དང་། གོང་གསལ་བཀའ་འགྱུར་གྱི་མདོ་ཚན་གང་མང་སྒྲོག་འདོན་བྱ་རྒྱུ་གཙོ་བོ་དགོན་སྡེ་ཁག་ལ་ཟུར་མངགས་ཞུ་རྒྱུ་ཡིན་ནའང་། མདོ་ཚན་དེ་ཉིད་དྲྭ་རྒྱའི་ཐོག་ཡོད་པ་དང་། རིང་ཐུང་ཤོག་ལྡེབ་ཉུང་ཤས་ལས་མེད་པ། ཀློག་དཀའི་སྔགས་ཚིག་རིགས་ཀྱང་མེད་པ། གཤམ་དུ་ཟུར་སྦྱར་ཞུས་པ་ལྟར་ཡིན་ན། དབུ་ཅན་ཀློག་འདོན་ཐུབ་མཁན་དད་ལྡན་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་སྒྲོག་འདོན་གནང་ཆོག་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ལ།།