ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཟུར་པ་ཀརྨ་སེངྒེ་ལགས་དང་། དྲུང་ཆེ་གསར་པ་འཇིགས་མེད་རྣམ་རྒྱལ་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་ལས་ཁུངས་སུ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ཤེས་རིག་དྲུང་ཆེ་ཟུར་པ་ཀརྨ་སེངྒེ་ལགས། སྤྲོད་དཔང་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲུང་ཆེའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་། ཚན་པ་སོ་སོའི་ཁྱབ་ཁོངས་ལས་བྱེད་རྣམ་པའི་བདག་ཉར་འོག་ཡོད་པའི་ཡིག་སྣོད་དང་འཛིན་ཆས་བཅས་རྩིས་སྤྲོད་རྩིས་ལེན་དང་ཤེས་རིག་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་འཕྲོ་སྐྱོང་གནང་དགོས་པ་ཁག་ངོ་སྤྲོད་གནང་།
དེ་རྗེས་དྲུང་ཆེ་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་གྲུབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ལ་འཚམས་འདྲི་དང་། དྲུང་ཆེ་ཟུར་པ་ཀརྨ་སེངྒེ་ལགས་ལ་ཐུགས་རྗེ་ལེགས་འབུལ་གྱི་མགུལ་དར་ཕུལ་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད།