ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་དྲ་རྒྱ་བརྒྱུད་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༠ སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་སྲུང་བརྩིའི་སྟེང་བྱང་ཨ་རིའི་སྐུ་ཚབ་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། ཁེ་ན་ཌའི་ཨོན་ཊེ་རིའོ་ས་གནས་གྲོས་ཚོགས་འཐུས་མི་བུ་ཁྲིད་དཀར་པོ་ཆེ་ལགས། ཨ་རིའི་རོགས་ཚོགས་ཀྱི་ལས་བྱེད་ཨན་ནེ་མེ་རེ་ Anne Marie ལགས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམ་པ། བྱམས་བརྩེའི་བདག་ཉིད་ཅེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་སློབ་གྲྭ་དང་མཐོ་སློབ་ཀྱི་སློབ་མ་ཚོར་རྩོམ་ཡིག་འགྲན་བསྡུར་གོ་སྒྲིག་གནང་བ་ལྟར། Stuyvesant High School ནས་ཡིན་པའི་སློབ་མ་བསྟན་འཛིན་ཆོས་འཛོམས་ལགས་དང་ཡེལ་མཐོ་སློབ་ཁང་ Yale University ནས་ཡིན་པའི་སློབ་མ་ཀུན་བཟང་རྡོ་རྗེ་ལགས་རྣམ་གཉིས་ལ་གཟེངས་རྟགས་ཐོབ་འདུག
གཞན་ཡང་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༥ ཉིན་དྲ་རྒྱ་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་མཉམ་ཞུགས་ཀྱིས་མང་གཙོའི་གལ་གནད་དང་། བོད་མིའི་ལས་འགན་སྐོར་གསུང་བ་མ་ཟད། བོད་མི་རྣམས་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་།
གཞན་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་ཡོན་གྱི་གལ་གནད་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཕྲུ་གུར་ཤེས་ཡོན་གྱི་མཐུན་རྐྱེན་གང་ལེགས་སྤྲོད་དགོས་པ་སོགས་ཀྱི་སྐོར་གསུངས། །