ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་དྲུག་པ་དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། འཕྲོད་བསྟེན་དྲུང་འཕར་གྱིས་མི་མང་ལ་དོན་ཚན་གཉིས་ཐོག་གསལ་བཤད་ཞུ་ཡོད་པ་དང་། དང་པོ། བོད་མི་གནས་སྡོད་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་འདིར་འཕྲོད་བསྟེན་ལས་ཁུངས་ནས་ཨ་རི་ཇོན་ཧོཔ་ཀིན་ས་ (John Hopkins) མཐོ་སློབ་ཁང་ནས་གཉན་རིམས་ཀོ་ཝིཌ་ ༡༩ ནད་པ་དང་ཐད་ཀར་འབྲེལ་བ་བྱུང་བ་འབྲེལ་གཏུག་རྩད་གཅོད་བྱེད་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་གནས་འབྲེལ་ཡོད་ལས་བྱེད་ལ་ཕུལ་ཡོད། ད་ཆ་ས་གནས་སུ་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ལ་ས་གནས་སོ་སོར་འབྲེལ་གཏུག་རྩད་གཅོད་དང་འབྲེལ་བའི་ལས་བྱེད་གཉིས་དྲག་འདེམས་ཀྱིས་ཆེད་བསྐོས་གནང་གལ་ཆེ་བ་དང་།
ས་གནས་ནས་འབྲེལ་གཏུག་རྩད་གཅོད་ཐད་དོ་ནན་གནང་དགོས་པ་དང་ཆབས་ཅིག་མི་མང་ནས་དེའི་ཐོག་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས། འབྲེལ་གཏུག་རྩད་གཅོད་དོ་ནན་འབྱུང་ཚེ་སྤྱི་ཚོགས་ནང་ནད་ཡམསཁྱབ་གདལ་བཀག་འགོག་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་པས་མང་ཚོགས་ནས་དེའི་ཐོག་དགོངས་བཞེས་ཀྱིས་འཕྱར་གྲུ་མཉམ་འདེགས་གནང་གལ་ཆེ་བ་དང་། དོན་ཚན་གཉིས་པ་དེ་ས་གནས་ས་ཐོག་ཏུ་དངོས་སུ་ཕྱག་ལས་གནང་མཁན་ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་ནས་དེ་སྔ་ཕྱི་ཟླ་དང་པོ་ནས་ད་བར་དངོས་གནས་རང་ལས་གཞན་གཅེས་པར་འཛིན་པའི་ཐོག་ནས་ཕྱག་ལས་ཧུར་ཐག་གནང་ཡོད། ད་དུང་མུ་མཐུད་ནས་གནང་དགོས་པ་དང་། མི་མང་གི་ཞབས་ཞུ་སྒྲུབ་པའི་སྐབས་མི་རེ་འགའི་བསམ་བློ་དང་མཐུན་མ་མཐུན་འདོད་པ་སྐོང་ཐུབ་མ་ཐུབ་གནས་སྟངས། གཞན་རྟེན་གྱི་གནས་སྟངས་སོགས་རྐྱེན་པས་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་རང་ངོས་ནས་ཕྱག་ལས་གནང་བ་དེ་སྤྱི་པའི་དོན་ལ་ཡིན་བསམ་ནས་མུ་མཐུད་ཧུར་བསྐྱེད་གནང་རོགས། མི་མང་ངོས་ནས་ཀྱང་དབུས་དང་ས་གནས་འགོ་ལས་ནས་ལམ་སྟོན་གནང་བ་རྣམས་བརྩི་སྲུང་དང་ལེན་གནང་རོགས།
གཞན་ཡང་དེང་རྒྱ་གར་ནང་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་བཟང་དུ་འགྲོ་ཡོད། ས་གནས་ཁག་ལ་མི་མང་པོར་བརྟག་དཔྱད་གནང་གི་ཡོད་པས་མི་མང་ངོས་ནས་ཀྱང་བརྟག་དཔྱད་དེ་རང་ཉིད་དང་རང་ཉིད་ཀྱི་ཁྱིམ་ཚང་གི་དོན། བོད་སྤྱི་པའི་དོན་ཡིན་བསམ་ཏེ་ནད་གཞི་ཡོད་མེད་བརྟག་དཔྱད་བྱ་རྒྱུར་མཉམ་ཞུགས་གནང་རོགས། ནད་གཞི་ཡོད་མེད་བརྟག་དཔྱད་ཇི་ཙམ་སྔ་བ་བྱེད་ཐུབ་པ་ཡིན་ན་དེ་ཙམ་གྱིས་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་བྱེད་ཐུབ་པའི་ཕན་ཡོན་ཡོད་ཅེས་གསུངས། མདོར་ན་ད་ལྟའི་གནས་སྐབས་སུ་བརྟག་དཔྱད་བྱེད་རྒྱུ་དང་། གལ་ཏེ་ནད་གཞི་ཕོག་པ་ཡིན་ན་ནད་པ་དང་འབྲེལ་གཏུག་བྱུང་བ་རྣམས་རྩད་གཅོད་བྱེད་རྒྱུ། དེ་ནས་འབྲེལ་གཏུག་རྩད་གཅོད་བྱུང་བ་རྣམས་འགོག་དབྱེ་ཟུར་བཀག་ཏུ་བཞུགས་རྒྱུ་དེ་ད་ཆ་གནད་འགག་ཆགས་ཀྱི་ཡོད་པས་ཚང་མ་ལྷོད་གཡེང་དུ་མ་སོང་བ་གནང་དགོས་པའི་ནན་སྐུལ་ཞུས།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༨༠༣ ༼རང་ཁྱིམ། ༣༣༦ གཞུང་ ༤༦༧ དེའི་ནང་རྡ་ས་ཁུལ་དུ་མི་གྲངས་ ༡༤༣༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བོད་མིའི་གཞིས་ཆགས་ཁུལ་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པ་མི་གྲངས་ ༧༠༥༥ དང་། གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༤༤༥ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་ཡོད། སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་རྣམས་ལ་ཁ་པར་ཐོག་འབྲེལ་བ་གནང་ནས་ནད་པའི་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་གསོ་རིག་ལུས་སེམས་ནུས་གསོ་འབྲེལ་ད་བར་ཁྱོན་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༤༩༠ དང་། རྒྱ་བལ་འབྲུག་གསུམ་ནང་བཞུགས་མཁན་དགུང་ན་ ༦༠ མི་གྲངས་ ༩༦༦༨ འཕྲོད་ལས་པ་སོགས་མདུན་ལ་ཞབས་ཞུ་བསྒྲུབ་མཁན་མི་གྲངས་ ༡༢༥༥ ཁྲག་ཤེད་སོགས་བླ་གཉན་ནད་གཞི་ཡོད་པ་མི་གྲངས་ ༡༩༩༠ ཕྱི་ཡི་རྒྱལ་ཁབ་གྲངས་ ༡༤ ཙམ་ལ་བོད་སྨན་གྲངས་ ༢༦༡༠ བཅས་ཁྱོན་བསྡོམས་གསོ་རིག་ལུས་སེམས་ནུས་གསོའི་སྨན་གྲངས་ ༡༨༠༡༣ ཐམ་པ་རིན་མེད་བགོས་འགྲེམས་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་རྡ་ས་ཁུལ་དུ་ཁྱོན་མི་གྲངས་ ༦༦༦ ལ་བརྟག་དཔྱད་ཟིན་ཡོད་པ་དང་། ས་གནས་ཁག་ཏུའང་དེ་བཞིན་བརྟག་དཔྱད་གནང་བཞིན་ཡོད་པས་ས་གནས་ཁག་གི་གྲངས་ཐོ་རྗེས་སུ་ཕྱོགས་བསྡོམས་གནང་རྒྱུ་ཡིན།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་སུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༦༢ བྱུང་། དེ་ཡང་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་གྲངས། ༡ སྦེལ་ཀོབ་གཞིས་ཆགས་ནས་གྲངས། ༡ ཅོན་ཏཱ་ར་གཞིས་ཆགས་ཁུལ་ནས་གྲངས། ༡ རཱ་ཇི་པུར་ནས་གྲངས། ༡ སྒང་ཏོག་ཁུལ་ནས་བོད་མི་གྲངས། ༤ ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་གྲངས། ༧ མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས། ༤༦ ལྡེ་ར་ལྡུན་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༦༢ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༥༣ དང་བུད་མེད་གྲངས་ ༩ དེ་བཞིན་ནད་རྟགས་ཡོད་པ་མི་གྲངས་ ༢༢ ནད་རྟགས་མེད་པ་གྲངས་ ༡༤ ཁག་ཅིག་འགེངས་ཤོག་ནང་སྟོང་པ་བཞག་ཡོད་ཅིང་ནད་གཞི་ཕོག་པ་མང་ཆེ་བ་ཚོགས་སྡེའམ་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་གྲངས་ ༢ རྒྱ་གར་རྫོང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད། མི་གྲངས་ ༦༢ ནས་དགུང་ན་མཐོ་ཤོས་དེ་ ༨༨ དང་ཆུང་ཤོས་ལོ་ ༣ ཡིན་པ་རེད།
ད་ཆ་ནད་གཞི་ཕོག་པ་རྣམས་ཟུར་བཀག་ཐོག་ནན་པོ་བཞུགས་ཡོད། བློ་ཕམ་པའི་གནས་ཚུལ་དུ། འདས་པའི་བདུན་ཕྲག་ནང་ལ་དྭགས་ཁུལ་ནས་སྐྱེས་པ་དགུང་ན་ ༩༠ སོན་པ་ཞིག་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་༣༥༧ ལ་ནད་གཞི་ཕོག་ཡོད་ཅིང་དའི་ནང་ནས་མི་གྲངས་ ༡༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༡༩༨ དྲག་སྐྱེད་སོང་ཡོད། ད་ཆ་མི་གྲངས་ ༡༤༧ ནད་མནར་བཞིན་ཡོད།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
ད་ཆ་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཕྲན་བསྡོམས་གྲངས་ ༢༣༥ ཙམ་ནང་ཁྱོན་མི་གྲངས་མི་ས་ཡ་ ༣༡ (༣༡༤༢༥༠༢༩) ལྷག་ལ་ནད་གཞི་ཕོག་ཡོད་པ་དང་། མི་གྲངས་འབུམ་ ༩ ལྷག་ (༩༦༧༡༦༣) ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༥༧ (༥༧༣༢༥༡༨) ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་ ༩ (༩༡༡༤༩) ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་འབུམ་ ༤༦ (༤༦༧༤༩༨༧) ལྷག་དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་འབུམ་ ༩ (༩༦༦༣༨༢) ལྷག་ནད་མནར་བཞིན་པ་དང་། ཉིན་ཅིག་ཏེ་འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ཁྲི་དགུ་ལྷག་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པས་རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༦༧༤ (༦༧༤༣༦༠༣༡) ལྷག་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་ ༡༡ (༡༡༥༦༥༦༩) ལ་བརྟག་དཔྱད་གནང་བ་བྱུང་འདུག
ད་ཆ་བོད་པའི་སྤྱི་ཚོགས་ནང་དུའང་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གནས་ཡུལ་གཞུང་གི་ལམ་སྟོན་འོག་ནད་གཞི་ཕོག་པ་གང་ཞིག་ནད་རྟགས་དམིགས་བསལ་མེད་པ་དང་ནད་རྟགས་ཅུང་མངོན་པ་རྣམས་རང་ཁྱིམ་དུ་ཟུར་བཀག་ཐོག་ཞུགས་དགོས་པའི་ལམ་སྟོན་གནང་བཞིན་ཡོད་པས་ད་ཆ་བོད་མི་ནད་མནར་བཞིན་པ་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་གསོ་བཅོས་གནང་བཞིན་ཡོད།
རྩ་བའི་ས་གནས་སུ་ཛ་དྲག་ཚོགས་ཆུང་དང་དེའི་ནང་གསོ་རིག་དང་ཕྱི་ལུགས་སྨན་པའི་ངོས་ནས་གསོ་བཅོས་བརྒྱུད་རིམ་ནང་བྱེད་སྒོ་ལམ་སྟོན་གནང་བཞིན་ཡོད་ཀྱང་གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེ་ལྟར་ད་ཉིན་བརྙན་འཕྲིན་འདི་བརྒྱུད་མང་ཚོགས་ལ་ལམ་སྟོན་མདོར་བསྡུས་ཞུ་ན། རྒྱ་གར་ནང་ནད་རྟགས་མ་ཐོན་པའི་ནད་པའི་བརྒྱ་ཆ་ ༧༠ ནས་བརྒྱ་ ༨༠ བར་དང་། དེ་དག་དྲག་སྐྱེད་ཀྱི་དུས་ཚོད་དེ་ཉིན་གྲངས་ ༧ ནས་ ༡༤ བར་རེད། ནད་རྟགས་མེད་པ་དང་ནད་རྟགས་ཅུང་མངོན་པ་རྣམས་རང་ཁྱིམ་དུ་གསོ་བཅོས་ལ་བཞུགས་པའི་སྐབས་ལུས་ལ་ངལ་གསོ་ཡོག་པོ་དགོས་པ། རྒྱུན་གཏན་བཞིན་ཁྱིམ་ནང་གི་བྱེད་སྒོ་རྣམས་སྔར་རྒྱུན་བཞིན་གནང་རྒྱུ། ཉིན་དགུང་ཡུན་རིང་འགུལ་བསྐྱོད་མེད་པར་སྡོད་དྲགས་པའི་རྐྱེན་གྱིས་ཁྲག་གི་འཁོར་རྒྱུགས་ཉམས་པའི་རྐྱེན་གྱིས་རྐང་བོལ་སྐྲངས་རྒྱུ་དང་སྙིང་དང་གློ་བའི་བྱེད་ལས་སོགས་ཉམས་རྒྱུའི་ཉེན་ཁ་ཡོད་པས་ཁྱིམ་ནང་དུ་དབུགས་སྦྱོང་། ལུས་སྦྱོང་རྩེད་རྒྱུ། དེ་བཞིན་ཟས་འཇུ་སླ་བ། འབོར་ཉུང་ཉུང་། གྲོ་དང་ནས་ལས་གྲུབ་པའི་རྩམ་པ་དང་ཐུག་པ། སྐྱོ་མ། དེ་བཞིན་སྔོ་ཚལ་སྣ་ཚོགས་ཀྱི་ཁུ་བ། ཤིང་ཏོག་གསོས་པ་དང་ཚ་ལུ་མ་སོགས་གཤེར་ཁུ་མང་པོ་ཡོད་པ། གཞན་ཡང་གཉན་ཚད་ལྡང་བའི་དུས་ཡིན་པས་ཁ་ཡང་སེ་སྐོམ་པས་ཆུ་བསྐོལ་གྲང་དང་སྨན་ཇ། ཤིང་ཏོག་ཁུ་བ་སོགས་བཏུང་བའི་རིགས་མང་ཙམ་བསྟེན་རྒྱུ། གློ་ཡུ་དང་མིད་པའམ་གྲེ་བ་མ་བདེ་ཚེ་ཆུ་དྲོད་འཇམ་ནང་ཚ་བླུག་ནས་ཁ་ཆུ་བཤལ་གཏོང་རྒྱུ།
དེ་བཞིན་སེམས་གུ་ཡངས་པོ་དང་དངངས་སྐྲག་མ་བྱེད་རྒྱུ། བཟང་ཕྱོགས་ཀྱི་བསམ་བློ་གཏོང་དགོས་པ། ཁུངས་ལྡན་གསར་འགྱུར་ལས་གཞན་འདྲ་མིན་གསན་བསམ་མ་གནང་རྒྱུ། དེབ་ཀློག་རྒྱུ། གཞས་ཉན་རྒྱུ། དེ་བཞིན་ནང་མི་དང་དགའ་ཉེ་རྣམས་ཁ་པར་ཐོག་འབྲེལ་བ་གནང་རྒྱུ། སྔ་དགོང་ཞལ་འདོན་གསོག་སྒྲུབ་སོགས་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། རང་ཁྱིམ་ལ་གསོ་བཅོས་གནང་སྐབས་ལུས་པོའི་ཚ་ཚད་དང་། ཁྲག་ཤེད། འཕར་རྩ་དང་དབུགས་ཀྱི་རྒྱུ་བའི་གྲངས་སོགས་ལ་རྟོགས་ཞིབ་གནང་རྒྱུ་གལ་ཆེ། ལུས་པོའི་ཚ་ཚད་ཉིན་གསུམ་བསྟུད་མར་ ༡༠༠ ལས་བརྒལ་བ། རྩའི་འཕར་ཚད་ ༡༠༠ བརྒལ་བ། ཁ་ཟས་དངས་ག་འགག་ཅིང་ལུས་ཟུངས་ཤིན་ཏུ་ཉམས་པ། ཆུའི་མདོག་དམར་སྨུག་དྲི་གནག་པ་ཡོད་ཚེ་ངེས་པར་སྨན་པར་འབྲེལ་གཏུག་གནང་དགོས་པ་ཡིན།
གཞན་ཡང་གསོ་བཅོས་ལ་བཞུགས་པའི་སྐབས་འཛིན་སྐྱོང་དང་སྨན་པའི་ལམ་སྟོན་མེད་པར་གང་བྱུང་ཕྱིར་ཕེབས་དང་། ཟུར་བཀག་ཚུལ་བཞིན་མ་བཞུགས་པ། སོ་སོའི་ཟས་ཕོར་དང་གོས་སོགས་གཞན་ལ་གཡར་བའམ་མཉམ་སྤྱོད་བྱེད་པ། ཕྱི་མིར་ལག་པ་བཏང་བ་དང་བྲང་གཏུག་པ་སོགས་ངེས་པར་འཛེམ་དགོས་པའི་ལམ་སྟོན་དང་། དེ་བཞིན་དྲག་སྐྱེད་ཟིན་པའི་ནད་པ་རྣམས་ནས་ཀྱང་ལུས་ལ་ངལ་གསོ་དགོས་རྒྱུ། ཤུགས་ལས་རིགས་ལ་འཛེམ་དགོས་རྒྱུ། ནད་རྟགས་ཐོན་མིན་རྟོགས་ཞིབ་གནང་རྒྱུ། ལྷག་པར་བླ་གཉན་ནད་གཞི་ཡོད་ན་སྨན་དུས་ཐོག་མ་ཆད་པར་བསྟེན་རྒྱུ། ཕྱིར་ཕེབས་སྐབས་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པའི་ལམ་སྟོན་ཞུ་བ་དང་སྦྲགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་ད་ཆ་ནད་མནར་བཞིན་པ་རྣམས་ལ་སེམས་འཚབ་དང་ཚང་མ་གང་མགྱོགས་དྲག་སྐྱེད་ཡོང་བ་དང་ཚེ་འདས་སོང་བ་རྣམས་ལ་བསྔོ་བ་སྨོན་ལམ་ཡོད་ཅེས་ཞུས་གནང་།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་མི་ས་ཡ་ ༣༡ དང་། བྱེ་བྲག་རྒྱ་གར་ནང་དུ་ད་ཆ་མི་ས་ཡ་ ༦ ཙམ་ལ་ནད་གཞི་འདི་ཕོག་པའི་ཛ་དྲག་གནས་སྟངས་ཆགས་ཡོད་པས་ང་ཚོའི་བོད་མིའི་གཞིས་ཆགས་དང་གཡས་གཡོན་ཡུལ་མིའི་དང་ཁྱིམ་མཚེས་ནང་དུའང་ནད་པ་མང་པོ་ཐོན་བཞིན་ཡོད་ན་ཚང་མས་ནད་འགོག་སྨན་ཁབ་མ་འདོན་གྱི་བར་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་དེ་གཙོ་བོ་ལག་བསྟར་མུ་མཐུད་གནང་དགོས་པ་དང་། ད་ཆ་ང་ཚོའི་སྤྱི་ཚོགས་ནང་ནད་པ་ཐོན་ཡོད་དུས་ནད་པ་དང་ཐད་ཀར་འབྲེལ་ཐུག་བྱུང་བ་རྣམས་རྩད་གཅོད་བྱ་རྒྱུ་དེ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། མང་ཚོགས་ནས་མཉམ་རུབ་གནང་ན་ལས་ཀ་བྱེད་མཁན་ལའང་སྟབས་བདེ་བ་ཡོད་པས་ཚང་མས་འཕྱར་གྲུ་མཉམ་འདེག་གནང་རོགས་ཅེས་ཞུས།
འབྲེལ་གཏུག་རྩད་གཅོད་དང་འབྲེལ་ནད་གཞི་ཕོག་པའི་མི་དང་ཐད་ཀར་འབྲེལ་བ་བྱུང་བ་ Significant contact དེ་ནད་པ་དང་མཉམ་དུ་སྐར་མ་ ༡༥ ལས་མང་བ་མཉམ་ཞུགས་དང་། ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་མ་བསྟེན་པར་འབྲེལ་བ་བྱུང་བ་རྣམས་ཉེན་ཚབས་ཆེ་བ་ཡིན། དེ་འདྲའི་རིགས་ལ་འདི་ནས་ཉིན་གྲངས་ ༡༤ ཉུང་ཐར་ཟུར་བཀག་ཐོག་བཞུགས་དགོས་ཀྱི་ལམ་སྟོན་ཕུལ་ཡོད། དེ་ལྟར་འབྲེལ་བ་བྱུང་ཁོངས་ནད་རྟགས་ཡོད་པ་རྣམས་དམིགས་བསལ་བརྟག་དཔྱད་བྱེད་དགོས་གལ་ཆེ། དེ་མིན་འབྲེལ་བ་བྱུང་ཚད་ལ་བརྟག་དཔྱད་བྱེད་ཐུབ་ཐབས་དཀའ། མི་མང་ངོས་ནས་ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་འདིར་སུ་ལའང་ནད་གཞི་ཡོད་སྲིད་པས་སོ་སོས་སྔོན་ཚུད་ནས་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་བསྟེན་ཡོད་ཚེ་རང་ཉིད་ལ་ནད་གཞི་འགོས་མེད་པའི་གདེང་ཚོད་དང་བརྟག་དཔྱད་སྐབས་སུའང་དངངས་སྐྲག་ཉུང་བ་ཡོད་པས་ཚང་མས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་བསྟེན་གལ་ཆེ་བ་གསུངས།
ཡང་ཁག་ཅིག་བརྟག་དཔྱད་རྗེས་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་བ་རྣམས་ཕྱིར་འགྲོ་ཆོག་མིན་ལམ་སྟོན་ཞུ་བཞིན་འདུག་པས་འདི་ནས་ཚང་མ་ཉིན་གྲངས་ ༡༤ ངེས་པར་ཟུར་བཀག་ཐོག་བཞུགས་དགོས་པའི་ལམ་སྟོན་གཅིག་མཚུངས་ཡིན། ཡང་ད་ཆ་རྒྱ་གར་རྒྱལ་ཡོངས་ནང་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བའི་གནས་སྟངས་འོག་མངའ་སྡེ་གཅིག་ནས་གཅིག་ལ་བསྐྱོད་ཆེད་ཆོག་མཆན་སོགས་གང་ཡང་ཞུ་དགོས་མེད་པས་ཕྱི་མི་མང་པོ་འགྲུལ་བཞུད་དང་། གཞིས་ཆགས་ཀྱི་དགོན་སྡེ་ཁག་ནང་སྤྲོ་འཆམ་རིགས་ཕེབས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཚང་མས་གཟབ་གཟབ་གནང་གལ་ཆེ། དེ་བཞིན་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་འདིར་གལ་ཆེ་དོན་ཆེན་གྱི་རྐྱེན་པས་ཕྱིར་འགྲུལ་བཞུད་དང་ཡང་མི་དངོས་སུ་ཐུག་དགོས་ན་ལས་དེ་མིན་ཁ་པར་དང་གློག་འཕྲིན་སོགས་ཀྱི་བརྒྱུད་འབྲེལ་བ་དང་། ཚོགས་འདུ་དང་འཛིན་གྲྭ་འཚོགས་རྒྱུ་སོགས་དྲ་ཐོག་ནས་གནང་ཐུབ་ཐབས་གནང་གལ་ཆེ། ནད་ཡམས་འདི་མི་ནས་མིར་འགོ་བཞིན་ཡོད་པས་མི་ཐུག་འཕྲད་མེད་ཚེ་ནད་གཞི་འགོས་ལམ་མེད། ད་ཆ་ནད་མནར་བཞིན་པ་དང་ནད་པ་དྲག་སྐྱེད་སོང་བའི་མི་མང་པོ་ཡོད་པས་ཁོང་ཚོར་ཡང་འདི་ནས་ལམ་སྟོན་གནང་བ་ལྟར་ལྕགས་འདེག་རྒྱུ་སོགས་ལུས་རྩལ་དྲག་པོ་དང་ཤུགས་ལས་འཛེམ་དགོས་པ་དང་། དེའི་ཚབ་ལ་དབུགས་སྦྱོང་དང་ལུས་སྦྱོང་རིགས་བྱེད་ཐུབ་ན་ལེགས། ཞལ་ལག་ཆ་སྙོམས་པོ་དང་སྔོ་ཚལ་རིགས་མང་ཙམ། སྒོ་ང་ལ་སོགས་པ་བཅུད་ཅན་རིགས་བསྟེན་གལ་ཆེ་བའི་ལམ་སྟོན་ཞུས་གནངབ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་༢༦ པ་དེ་མཇུག་སྒྲིལ་གནང་ཡོད། །