ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༨ ཉིན་སུད་སི་ཛུ་རིག་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བསྟན་རྣམ་ཕུན་ཚོགས་ལགས་དང་། སྤེན་པ་ཚེ་རིང་ལགས། བཀྲ་ཤིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས། བློ་བཟང་ལགས་བཅས་ནས་སུད་སིའི་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འགན་འཁུར་འཇུག་དགོས་པའི་ཞུ་གཏུག་གི་ལས་འགུལ་ཆེད་སྤྱི་ལེ་ ༣༠༠ ལྷག་ཡོད་པའི་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ཚེས་ ༡༨ ཉིན་ཇི་ནི་ཝ་གྲོང་ཁྱེར་ནང་འབྱོར་གཏན་འཁེལ་ཡོད།
སྐབས་དེར་སུད་སིའི་ཛུ་རིག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་རིའོ་ཕེ་ཧར་ Mario Fehr མཆོག་གིས། ཁྱེད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་ཡོད་པས། སུད་སི་ནས་དེར་རྒྱབ་སྐྱོར་གནང་གི་ཡོད། ཅེས་དང་། ཛུ་རིག་མངའ་སྡེའི་གྲོས་ཚོགས་ནས་ཁྱེད་ཚོས་ཇི་ནི་ཝ་གྲོང་ཁྱེར་བར་ཞི་བའི་གོམ་བགྲོད་གནང་བཞིན་པ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། ཛུ་རིག་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དེ་བཞིན་སུད་སི་དང་ལེག་ཊེན་སི་ཊེན་ Liechtenstein བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ཞི་བའི་གོམ་བགྲོད་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཞི་བའི་གོམ་བགྲོད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཞི་བའི་གོམ་བགྲོད་ཀྱི་མཛད་སྒོར་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས་དང་ཚོགས་མི་བློ་བཟང་ལགས། དེ་བཞིན་ཛུ་རིག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སོགས་ཕེབས་ཡོད།
ཞི་བའི་གོམ་བགྲོད་པ་རྣམས་ནས་སུད་སི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་ཞུ་བར་གནོན་ཤུགས་སྤྲོད་དགོས་པ་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཡབ་ཡུམ་རྣམ་པ། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་བཅས་གློད་བཀྲོལ་གཏོང་དགོས་པ། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་རྩ་ཅི་ཡིན་རང་དབང་གི་ཐོག་ནས་ཞིབ་འཇུག་གནང་དགོས་པ། བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་གཞུང་ཚབ་མི་སྣ་དང་ལས་བྱེད་སུད་སིའི་ནང་ཡོང་མ་ཆོག་པའི་ཁྲིམས་གཏན་འབེབས་གནང་དགོས་པ། རྒྱ་ནག་གིས་བོད་ནང་གཏེར་ཁ་གང་བྱུང་སྔོག་འདོན་དང་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་མཚམས་འཇོག་བྱེད་དགོས་པའི་རེ་འདུན་བཏོན་འདུག་པ་བཅས། །