ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁུངས་བརྒྱུད་གསོལ་སྩལ་གནང་བའི་ནད་ཡམས་སྔོན་འགོག་ཡོ་ཆས་ཁག་གསར་ཉོ་ཡིས་གཞིས་ཆགས་སྤྱི་ཡོངས་ནང་བདུན་རེའི་ནང་ཐེངས་གཉིས་རེར་དུག་སེལ་ལས་འགུལ་དང་གཙང་བཟོ་ཞུས་དང་ཞུ་མུས་ཡིན།
དེ་བཞིན་ས་གནས་སྨན་ཞབས་མ་དང་། དྭངས་བླངས་སྨན་ཞབས་མ་བཅས་ནས་ས་གནས་གཞིས་མི་ཡོངས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་ཟབ་འཁྲིད་དུས་ནས་དུས་སུ་གནང་མུས་ལྟར། ད་ལྟའི་ཆར་ས་གནས་ནང་ནད་རྟགས་ཐོན་པ་གཅིག་ཀྱང་བྱུང་མེད། བོད་མིའི་མང་གཙོ་དུས་ཆེན་དང་བསྟུན་གཞིས་ལས་ཁང་ནས་མང་ཚོགས་ལ་དེ་ཉིན་གཞིས་མི་མི་རེ་ངོ་རེ་ནས་མ་ཎི་སྟོང་རེར་གསོག་བསྒུབ་དགོས་པའི་གསལ་བསྒྲགས་སྤེལ་བ་ལྟར། ས་གནས་མང་ཚོགས་སྤྱི་ཡོངས་ནས་མ་ཎི་གཟུངས་སྔགས་གྲངས་ ༡༩,༢༣༦,༠༠༠ ཐམ་པ་གསོག་གྲུབ་ཞུས་ཐུབ་པ་བྱུང་ཡོད།
འདི་གར་ས་གནས་སྨན་རྩིས་ཁང་གི་སྨན་པ་དང་། ས་གནས་འཕྲོད་བསྟེན་སྨན་ཞབས་མ། དྭངས་བླངས་སྨན་ཞབས་བཅས་ནས་ས་གནས་གཞིས་མི་རང་ལོ་ ༨༠ ཡན་གྱི་རྒས་འཁོགས་རྣམས་ཀྱི་ཁྱིམ་དུ་ཆེད་བསྐྱོད་ཀྱིས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
ད་ལྟའི་ཆར་ས་གནས་འགོག་དབྱེ་ཟུར་བཀག་ནང་གནས་བཞུགས་གཞིས་མི་གྲངས་ ༢ ཡོད་པར་ས་གནས་སྨན་རྩིས་ཁང་ཨེམ་ཇི་ལགས་ནས་སྐབས་དུས་སོ་སོར་གཟིགས་རྟོག་དང་སྦྲགས་ལུས་སེམས་གསོ་བྱེད་ཀྱི་གསོལ་སྨན་ཁུངས་འགྲེམས་ཞུས་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་སྔ་རྗེས་བཀའ་ཡིག་ཕེབས་དོན་བཞིན། འདི་གར་ས་གནས་སུ་རེས་གཟའ་ལྷག་པ་དང་། ཚེས་པ་ ༡༠ འཆར་ཅན་ས་གནས་གཞིས་དགོན་དང་། སློབ་གྲྭ། གཞིས་ཆགས་གནས་སྡོད་གཞིས་མི་སྤྱི་ཡོངས་ནས་རང་ཁྱིམ་དུ་མནོལ་བསང་གཏོང་མུས་ཡིན་པ་བཅས།