ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་ལས་ཁུར་ཞུས་ནས་ད་ཆ་ལོ་བཞི་ཧྲིལ་པོ་འཁོར་བར་བརྟེན། བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ལ་བདེ་སྲུང་ལས་ཁུངས་ཀྱིས་འདས་པའི་ལོ་ངོ་བཞིའི་ནང་ལས་དོན་གལ་ཆེ་བ་གང་དང་གང་བསྒྲུབས་ཡོད་པ་དང་། མ་འོངས་འཆར་སྣང་སོགས་ཀྱི་སྐོར་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
གསར་འགོད་པས། འདས་པའི་དུས་ཡུན་ལོ་བཞིའི་རིང་བདེ་སྲུང་ལས་ཁུངས་ནས་ལས་དོན་གལ་ཆེ་བ་གང་དང་གང་བསྒྲུབས་ཡོད་པ་དང་། གྲུབ་འབྲས་ལེགས་སོན་བྱུང་བ་གང་གནང་ཡོད་དམ།
བཀའ་བློན་མཆོག་གིས། བདེ་སྲུང་ལས་ཁུངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཁག་གཞན་ལྟར་ལས་འཆར་དང་འཛུགས་སྐྲུན་རིགས་མང་པོ་མེད། བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་འགན་འཁུར་བཞིན་ཡོད། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་ད་བར་བཀའ་བློན་རིམ་བྱོན་དང་བཀའ་ཤག་རིམ་བྱོན། དེ་ནས་ལས་བྱེད་རིམ་བྱོན་ནས་ཐུགས་འགན་བཞེས་ཏེ་ད་བར་འཐུས་ཤོར་གང་ཡང་བཏང་མེད་པར་བརྟེན་མི་རབས་རྒན་པ་རྣམས་ལ་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐུགས་འགན་གཙོ་བོ་རྒྱ་གར་དབུས་གཞུང་ནས་བཞེས་བཞིན་པའི་ཐོག་བཀའ་ཤག་གི་བཀའ་དགོངས་ལྟར། བདེ་སྲུང་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་བ་ཡིན་ནའང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ནས་སྔོན་འགྲོའི་གྲ་སྒྲིག་དང་། སྐུ་ཕྱྭ་སྲུང་སྐྱོབ་སོགས་འཐུས་ཤོར་མེད་པ་ཞུ་ཡི་ཡོད། དེ་བཞིན་༸རྒྱལ་བའི་སྐུ་ཕྱྭ་ཚགས་ཚུད་ཡོང་སླད་སྐུ་སྲུང་རྣམ་པ་དང་བདེ་སྲུང་ལས་བྱེད་བཅས་ལ་རྒྱ་གར་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་ལྷན་ཚད་མཐོའི་སྲུང་སྐྱོབ་སྦྱོང་བརྡར་ཐེངས་གཅིག་གོ་སྒྲིག་གནང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་བོད་མི་ཡོད་སའི་ས་གནས་ཁག་ཏུ་ཆིབས་སྒྱུར་གནང་སྐབས་བདེ་སྲུང་བཀའ་བློན་ཆེད་བཅར་ཞུས་ཡོད། དེ་མིན་ཁག་གཅིག་ཏུ་བཀའ་བློན་དང་དྲུང་ཆེ་ཆེད་བཅར་ཞུས་ཡོད། དེ་བཞིན་ས་གནས་ཁག་གཅིག་ལ་དྲུང་ཆེ་ཆེད་བཅར་ཞུས་ཏེ་སྔོན་འགྲོའི་གྲ་སྒྲིག་ཞུས་ཡོད།
གཞན་ཡང་སྐུ་སྲུང་དང་བདེ་སྲུང་ལས་བྱེད། ཆིབས་འགྲོ་གཏོང་མཁན་བཅས་ལ་འགོས་ནད་རིགས་ཡོད་མེད་ལོ་རེར་ཐེངས་གཉིས་རེས་བརྟག་དཔྱད་གནང་བཞིན་ཡོད། དེ་བཞིན་བདེ་སྲུང་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་དགའ་ལྡན་ཕོ་བྲང་དུ་བཅར་ནས་ཕོ་བྲང་གི་སྐུ་བཅར་སྐུ་སྲུང་བ་རྣམས་དང་ལྷན་ཚོགས་འདུ་ཚོགས་ཏེ་ཡར་རྒྱས་གཏོང་ཕྱོགས་གང་ཡོད་པ་དང་། གཟབ་གཟབ་བྱེད་དགོས་པ་གང་ཡོད་སྐོར་ལམ་སྟོན་བྱས་དང་བྱེད་མུས་ཡིན།
རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་སྐུ་སྲུང་བ་རྣམས་ལ་ལག་ཤུབས་དང་། ཁ་རས། དུག་སེལ་སྨན་ཆུ། ཚ་བ་བརྟག་དཔྱད་བྱེད་རྒྱུའི་ཡོ་བྱད་བཅས་མཐུན་འགྱུར་སྦྱར་ཡོད་པ་མ་ཟད། རྒྱ་གར་ས་གནས་གཞུང་གི་སྐོར་སྲུང་བ་རྣམས་ལའང་མཐུན་འགྱུར་གང་ཐུབ་སྦྱར་ཡོད། ད་བར་༸རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་འཐུས་ཤོར་གང་ཡང་བཏང་མེད། ད་དུང་ཡིན་ནའང་མུ་མཐུད་ཧུར་ཐག་བྱེད་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ཉེན་ཁ་ཆེ་ཤོས་ནི། རྒྱ་ནག་དང་། འཇིགས་སྐུལ་རིང་ལུགས་པ། དོལ་རྒྱལ་ཚོགས་པ་བཅས་ཡིན། ཕྱོགས་གཞན་ཞིག་ནས་དཔེར་ན། ཀླུ་མཁར་བྱམས་ཟེར་བ་ཞིག་ཡོད་པ་དེའི་རྩོམ་ཡིག་ཅིག་གི་ནང་ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད། དེ་བཞིན་ཉེ་ཆར་ཨ་རིར་གནས་སྡོད་བློ་དགའ་ཟེར་མཁན་དེས་ཁྱེད་རང་གིས་མི་གཅིག་དེ་གདམ་གི་ཡིན་ནམ། བོད་ཀྱི་རྩ་དོན་གདམ་གི་ཡིན། ཞེས་སྐད་ཆ་ཚབས་ཆེ་དེ་འདྲ་བཤད་འདུག དེ་དག་ལ་ང་ཚོ་སེམས་འཚབ་ཡོང་གི་འདུག་པ་མ་ཟད། དོགས་ཟོན་དང་གཟབ་གཟབ་བྱེད་ཀྱི་ཡོད། མི་དེ་དག་ལ་ཚང་མས་དོ་སྣང་དང་གཟབ་གཟབ་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
གསར་འགོད་པས། བདེ་སྲུང་ལས་ཁུངས་ནས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་བདེ་འཇགས་སླད་བྱེད་སྒོ་གང་ཡོད།
བཀའ་བློན་མཆོག་གིས། བདེ་སྲུང་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད། དེ་འབྲེལ་ཡིག་ངག་གཉིས་ཐོག་ནས་དཔལ་ལྡན་བཀའ་ཤག་ལ་སྙན་གསེང་ཞུས་དང་ཞུ་མུས་ཡིན། ཕྱོགས་མཚུངས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡིན་པ་དང་། ཆབ་སྲིད་ཐོག་ནས་འགྱུར་ལྡོག་ཇི་ལྟར་འགྲོ་བཞིན་ཡོད་པ་སོགས་གོང་རིམ་ལ་སྙན་གསེང་ཞུ་བཞིན་ཡོད། གཞན་ཡང་བོད་ནས་གསར་དུ་ཕེབས་མཁན་དང་། ཕྲུ་གུ་གསར་དུ་སྐྱེས་པ་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་བཟོས་དང་བཟོ་མུས་ཡིན། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྡི་ལི་སྐུ་ཚབ་དོན་ཁང་བཅས་ནས་འབད་བརྩོན་གནང་འབྲས་སུ་དེ་སྔ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་སླད་དཀའ་ངལ་འཕྲད་པ་མི་གྲངས་ ༩༥༥ ཙམ་ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་ཞུས་དང་ཞུ་མུས་ཡིན་པ་མ་ཟད། ད་དུང་ཡང་མུ་མཐུད་ཡོང་མཁན་ཁ་ཤས་འདུག དེ་དག་ལ་ཞིབ་འཇུག་གནང་སྟེ་དཀའ་ངལ་སེལ་ཐབས་གནང་བཞིན་ཡོད།
ཕྱོགས་མཚུངས་བོད་ནས་ཆབ་སྲིད་བཙོན་པ་སོགས་མང་དག་ཅིག་ཡོང་གི་ཡོད་པ་དེ་དག་ལ་བཀའ་ཤག་གི་ལམ་སྟོན་ལྟར། འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ལྟ་རྟོག་དང་སྨན་བཅོས། འཚོ་བའི་མཐུན་རྐྱེན་བཅས་སྦྱོར་བཞིན་ཡོད། འདས་པའི་ལོ་ངོ་བཞིའི་ནང་ཆབ་སྲིད་བཙོན་པ་དང་། འབྲེལ་ཡོད། འབྲེལ་ཆགས་བཅས་ཁྱོན་བསྡོམས་མི་གྲངས་ ༧༠༠ ལྷག་ཙམ་ཕྱི་རྒྱལ་དུ་བཏང་ཡོད་པ་མ་ཟད། ལས་རིམ་འདི་མུ་མཐུད་འགྲོ་བཞིན་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདི་ལོའི་ཕྱི་ཟླ་ ༣ རྗེས་མི་གཅིག་ཀྱང་བཏང་ཐུབ་མ་སོང་། ཞེས་ཞུ་རྒྱུ་ཡིན།
དེ་སྔ་ཡིན་ན་ཕྱི་བསྐྱོད་ལག་འཁྱེར་སེར་པོ་གསར་བཟོ་སླད་ལོ་གཅིག་ཙམ་འགོར་གྱི་ཡོད། འོན་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཀའ་ཤག ལྡི་ལི་སྐུ་ཚབ་དོན་ཁང་བཅས་མཉམ་རུབ་ཐོག་འབད་བརྩོན་གནང་བ་ལ་བརྟེན་ནས་ད་ཆ་ཕྱི་བསྐྱོད་ལག་འཁྱེར་སེར་པོ་གསར་བཟོ་ཆེད་ཟླ་བ་གསུམ་ཙམ་མ་གཏོགས་འགོར་གྱི་མེད། དེ་སྔ་ཡིན་ན་སྐྱབས་བཅོལ་ལག་འཁྱེར་ལོ་རེར་ཐེངས་རེར་དུས་འགྱངས་ཞུ་དགོས་ཀྱི་ཡོད་ནའང་ད་ཆ་ལོ་ལྔ་རེའི་མཚམས་མ་གཏོགས་དུས་འགྱངས་ཞུ་མི་དགོས།
གསར་འགོད་པས། བདེ་སྲུང་ལས་ཁུངས་ཁྱབ་ཁོངས་སུ་ཡོད་པའི་སྣེ་ལེན་ཁང་གི་གནས་སྟངས་ག་འདྲ་ཆགས་ཡོད།
བཀའ་བློན་མཆོག་གིས། སྣེ་ལེན་ཁང་ནི་བོད་ནས་གསར་དུ་ཕེབས་པ་རྣམས་ལ་སྣེ་ལེན་དང་མཐུན་འགྱུར་ཞུ་རྒྱུ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་གནང་སྐབས་སྣེ་ལེན་ཁང་གི་འགན་འཛིན་དང་ལས་བྱེད་ས་གནས་སུ་ཆེད་བཅར་ཞུས་ཏེ་བོད་ནས་ཕེབས་མཁན་རྣམས་ལ་མཐུན་འགྱུར་ཞུས་ཡོད། དཔེར་ན་ཕྱི་ལོ་ ༢༠༡༧ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་ནས་ཕེབས་མཁན་རྣམས་ལ་སྣེ་ལེན་ཁང་ནས་སྣེ་ལེན་ཞུ་སྟངས་སྐོར་བསྔགས་བརྗོད་ཚད་མཐོ་ཐོབ་བྱུང་།
གཞན་ཡང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་སྦྱོང་སླད་བོད་ནས་གསར་དུ་ཕེབས་མཁན་མི་གྲངས་ ༢༠༠ ཙམ་ལ་བདེ་སྲུང་ལས་ཁུངས་ནས་སྨན་བཅོས་དང་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་སོགས་ཀྱི་མཐུན་འགྱུར་གནང་ཡོད། དེ་སྔ་ཡིན་ན་བལ་ཡུལ་དང་། ལྡི་ལི། རྡ་ས་བཅས་སུ་སྣེ་ལེན་ཁང་ཡོད། ཉེ་ཆར་སོ་ན་ལི་ Sonali ཞེས་པའི་རྒྱ་གར་དང་བལ་ཡུལ་ས་མཚམས་སུའང་ཡན་ལག་སྣེ་ལེན་ཁང་ཞིག་གསར་བཙུགས་གནང་ཡོད། རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་ནི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་དེབ་སྐྱེལ་བྱས་ཏེ་ལས་བྱེད་དང་སློབ་ཕྲུག་སོགས་ལ་ཟབ་སྦྱོང་རབ་དང་རིམ་པ་གོ་སྒྲིག་གནང་ཡོད།
འདི་ལོར་ཏོག་དབྱིབས་གཉན་རིམས་རྐྱེན་པས་ཟབ་སྦྱོང་རིགས་གོ་སྒྲིག་གནང་ཐུབ་ཀྱི་མེད་སྟབས། དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལྟར་དབུས་སྣེ་ལེན་འབྲེལ་མཐུད་ཁང་དེ་ཉིད་འགོག་དབྱེ་ཟུར་འཇོག་ཁང་དུ་བེད་སྤྱོད་གནང་བཞིན་ཡོད། སྣེ་ལེན་ཁང་དུ་ལས་བྱེད་མང་པོ་མེད་ནའང་ལས་དོན་ཚགས་ཚུད་དང་ཧུར་ཐག་གནང་བཞིན་ཡོད།
གསར་འགོད་པས། འདས་པའི་དུས་ཡུན་ནང་ལས་དོན་སྤེལ་བའི་སྐབས་གདོང་ལེན་གནང་དགོས་པའི་གནས་དོན་གཙོ་བོ་གང་དང་གང་གཟིགས་ཡོད་པ་དང་། གདོང་ལེན་ཇི་ལྟར་གནང་ཡོད་དམ།
བཀའ་བློན་མཆོག་གིས། བདེ་སྲུང་ལས་ཁུངས་སུ་ལས་བྱེད་རྙིང་པ་ཧྲ་ཐག་ཐག་འགའ་ཤས་ཡོད་པ་དེ་དག་ཉམས་མྱོང་སོགས་གང་ཅིའི་ཐད་ཕུན་སུམ་ཚོགས་པ་ཡོད་ཅེས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐད་སྐུ་སྲུང་རྣམས་ནས་ད་བར་འགན་ཧུར་ཐག་ཞུས་དང་ཞུ་བཞིན་ཡོད། ང་ལ་དཀའ་ངལ་དམིགས་བསལ་འདི་འཕྲད་བྱུང་ཞེས་བརྗོད་རྒྱུ་མེད། འོན་ཀྱང་དཔེ་མཚོན་ཙམ་ཞུ་ན། རྒྱ་ནག་དམར་པོས་བོད་པའི་སྤྱི་ཚོགས་ནང་སིམ་འཛུལ་དང་། བོད་པའི་སྤྱི་ཚོགས་གཏོར་བཤིག་དང་ཁ་ཐོར་གཏང་རྒྱུའི་ལས་འགུལ་འདྲ་མིན་སྤེལ་བཞིན་འདུག ཕྱི་ལོ་ ༢༠༡༨ ལོར་སུ་ཝི་ཌེན་གཞུང་གིས་བོད་མི་ཞིག་རྒྱ་མིའི་སོ་ཉུལ་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད། དེ་བཞིན་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་མིའི་སོ་ཉུལ་ཞིག་འཛིན་བཟུང་བྱས་ཡོད། དེའི་སྐོར་བདེ་སྲུང་ལས་ཁུངས་ནས་དེ་སྔ་ནས་ཤེས་ཀྱི་ཡོད་པ་མ་ཟད། དོ་སྣང་ཡང་བྱེད་ཀྱི་ཡོད།
སྤྱིར་བདེ་སྲུང་ལས་ཁུངས་ནས་འགན་འཁུར་བཞིན་ཡོད་ནའང་བོད་མི་ཡོངས་ནས་གཟབ་གཟབ་གནང་སྟེ་དོགས་པ་ཅན་རིགས་ཡོད་ཚེ་བདེ་སྲུང་ལས་ཁུངས་སུ་སྙན་གསེང་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།
གསར་འགོད་པས། བཀའ་བློན་མཆོག་གིས་བོད་མི་མང་ཚོགས་ལ་བོད་མི
བཀའ་བློན་མཆོག་གིས། མགོན་པོ་གང་
གཞན་ཡང་བོད་མི་འགའ་ཤས་ཀྱི་