ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ རེས་གཟའ་པ་སངས་ཉིན་ཕྱི་དྲིལ་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་དོན། དེ་རིང་འདིར་བོད་མིའི་སྒྲིག་འཛུ
དཔལ་འབྱོར་ལས་ཁུངས་དང་ཕྱི་དྲིལ་
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་ཅེས་པའི་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་དོན། གོང་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གི་གསུངས་པ་བཞིན། ད་ལམ་སྙན་ཐོ་འདི་ཕྱོགས་གཅིག་ནས་བལྟས་ཚེ་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་སྐོར་ཡིན་སྟབས། དངོས་ཡོད་གནས་སྟངས་ལ་ད་ཆ་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་ཡོད་པའི་བོད་མིའི་མི་འབོར་དང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་འབོར་བརྒྱ་ལྔ་བཅུ་ལྔ་བཅུ་ཆགས་ཡོད། དེར་བརྟེན་ཕྱི་ལོགས་སུ་ཡོད་པའི་བོད་མིའི་གནས་སྟངས་དང་སྤྱི་ཚོགས་ཀྱི་གནས་སྟངས། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོའི་གནས་སྟངས། ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་རྟོགས་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
སྙན་ཐོ་འདི་ཉིད་གལ་ཆེན་པོ་རེད་ཅེས་ཞུ་དགོས་དོན་ནི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་སྙན་ཐོ་དང་ཤོས་དེ་རེད། ལས་འཆར་ཐོག་མར་འགོ་འཛུགས་རྒྱུ་དེ་ལས་སླ་པོ་ཁྱོན་ནས་མེད། གང་ཡིན་ཞེ་ན། གཞི་བཞག་སའི་སྒྲོམ་གཞི་གང་ཡང་མེད། འོན་ཀྱང་ཐེངས་འདིར་བློ་བཟང་ཆོས་སྒྲོན་ལགས་དང་བསྟན་འཛིན་སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་སྐུ་ལས་ཧ་ཅང་སྐྱོན་ཡོད། ཁོང་གཉིས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཟའ་མཇུག་སློབ་གྲྭ། དེ་བཞིན་ཚོགས་པ་གཞན་ཁག་ལ་འབྲེལ་བ་དང་བཀའ་བསྡུར་རིམ་པ་གནང་སྟེ་བསམ་ཚུལ་རྣམས་ཕྱོགས་སྒྲིག་གནང་ཡོད། སྙན་ཐོ་འདི་ད་ལན་གྱི་བཀའ་ཤག་ཙམ་མ་ཟད། མ་འོངས་པའི་བཀའ་ཤག་ལའང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོར་གང་བྱེད་དགོས་པ་སོགས་ཀྱི་ཐད་ཐུགས་ཕན་གསོ་ངེས་རེད། གཞི་རྩའི་ཕྱི་ལོ་ ༢༠༠༤ ལོར་ངས་བཀའ་ཤག་ལ་ Tibet 2020 ཞེས་པའི་སྙན་ཐོ་ཞིག་ཕུལ་ཡོད། དེའི་ནང་དོན་ཚན་གསུམ་ཡོད། དོན་ཚན་གལ་ཆེ་ཤོས་དེ་བོད་རྒྱ་གྲོས་མོལ་སྐོར་རེད། དོན་ཚན་གསུམ་པ་ཕྱི་ལོ་ ༢༠༢༠ ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་མིའི་བརྒྱ་ཆ་གཅིག་པ་ཆགས་ཀྱི་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ཀྱི་ངོ་བོ་བསྒྱུར་བ་གཏོང་དགོས་ཀྱི་འདུག ཅེས་འཁོད་ཡོད།
རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་རྣམས་ལ་འཚོ་སྣོན་དང་སློབ་ཡོན། གཞིས་ཆགས་སྲ་བརྟན་སོགས་ཀྱི་སླད་མཐུན་འགྱུར་རོགས་རམ་ཡོད། འོན་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་དངུལ་གྱི་ཐོག་ནས་ཧ་ལམ་རོགས་རམ་བྱེད་ཐུབ་ཀྱི་མེད་ནའང་གཞན་མཐུན་རྐྱེན་སྦྱར་གྱི་ཡོད། བོད་རིགས་ཚང་མ་གཅིག་པ་རེད། བཙན་བྱོལ་བོད་མིའི་གཞིས་ཆགས་ཀྱི་མི་འབོར་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཁག་གི་མི་འབོར་བསྡུར་ཚེ་འདྲ་འདྲ་རེད་འདུག ཕལ་ཆེར་མང་བ་མེད་ནའང་ཉུང་བ་མི་འདུག དེ་ནས་གཙོ་ཆེ་ཤོས་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གལ་ཆེན་པོ་ཡིན་སྟབས། གཟའ་མཇུག་སློབ་གྲྭར་མཐུན་རྐྱེན་གང་དང་གང་བསྐྲུན་དགོས་པ་དེ་རེད།
སྤྱིར་སྙན་ཐོའི་ནང་ཡོད་པ་བཞིན་བཀའ་ཤག་སྐབས་ ༡༤ དང་ ༡༥ རིང་ལས་དོན་འགོ་བཙུགས་ཡོད། དཔེར་ན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀློག་དེབ་ཀྱི་མཐུན་རྐྱེན་དང་དགེ་རྒན་ཆེད་ཟབ་སྦྱོང་། ཨ་རིར་ཡོད་པའི་གཟའ་མཇུག་སློབ་གྲྭ་རྣམས་ལོ་འཁོར་ཚོགས་ཆེན་ཚོགས་ཀྱི་ཡོད་པ་ལྟར་ཡུ་རོབ་ཁུལ་གྱི་གཟའ་མཇུག་སློབ་གྲྭ་ཡང་དེ་བཞིན་འཚོགས་རྒྱུའི་སྔོན་རྩིས་ཤིག་ཡོད། ཕྱོགས་མཚུངས་ཨ་རི་ནང་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཚོགས་པ་ལྟར་ཡུ་རོབ་སོགས་ཀྱི་ནང་དུའང་དེ་བཞིན་གནང་སྟེ་ཚགས་ཚུད་བྱུང་ཡོད་པར་བརྟེན་འདི་ལོའི་ཕྱི་ཟླ་ ༤ ནང་རྡ་སར་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་གཏན་འཁེལ་ཡོད་ཀྱང་ད་ལན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བྱུང་ཐུབ་མེད།
གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཚོགས་མང་པོ་ཡོད་པ་རྣམས་དང་འབྲེལ་བ་ཇི་ལྟར་བྱེད་དགོས་པ་དང་། འབྲེལ་བ་དམ་ཟབ་བྱེད་པའི་ཐོག་ནས་གཟའ་མཇུག་སློབ་གྲྭར་དགེ་བཤེས་དང་སློབ་དཔོན་རྣམ་པས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་བྱེད་རྒྱུའི་ལས་འཆར་ཡོད། སྤྱི་མཐུན་ཚོགས་པ་ཁ་ཤས་ཆོས་ཚོགས་ཁག་དང་འབྲེལ་བ་ཧ་ཅང་ཡག་པོ་འདུག ས་གནས་ཁ་ཤས་ལ་ཡག་པོ་མེད་པ་རྣམས་འབྲེལ་བ་དམ་ཟབ་ཡོང་བར་གང་བྱེད་དགོས་སྐོར་དང་། སྤྱི་མཐུན་ཚོགས་པ་ནང་ལ་རིག་གཞུང་དང་ཆབ་སྲིད། རྒྱ་རིགས་འབྲེལ་མཐུད། གཞོན་སྐྱེས་འབྲེལ་མཐུད་ཀྱི་འགན་འཛིན་ལ་སོགས་བཀོད་དགོས་པ་སོགས་ཀྱི་སྐོར་སྙན་ཐོ་ནང་ཞིབ་ཕྲ་འཁོད་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་ལ་བོད་ཀྱི་ཐུན་མིན་རིག་གཞུང་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་དང་། དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་པའི་སྐོར་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་ཡོད་པ་ལྟར་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ནས་སྐད་རིགས་ཕལ་ཆེར་བཅུ་གཅིག་ནང་གསར་འགྱུར་ཤོད་ཀྱི་ཡོད། བཤད་དགོས་དོན་གཙོ་བོ་གཅིག་ནི། བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་ཆེད་ཡིན། གཉིས་ནི་བོད་མིའི་གཞོན་སྐྱེས་ཆེད་ཡིན།
ད་ཆ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མགྲོན་འབོད་ཀྱིས་ཚོགས་པ་ངོ་སྤྲོད་བྱ་རྒྱུའི་ལས་རིམ་གསར་པ་ཞིག་འགོ་བཙུགས་ཡོད། དེ་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་ཆེད་ཡིན། སྤྱི་མཐུན་ཚོགས་པ་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཚོགས་ཐུབ་པ་བྱུང་མེད་ཀྱང་། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་ཚོགས་ཡོད། དེར་ཕེབས་པའི་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཕྱིར་ས་གནས་སུ་ཕེབས་ཏེ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ལ་སོགས་ཀྱི་འཐུས་མིའི་ལས་འགན་འཁུར་བཞིན་འདུག
ཕྱི་རྒྱལ་དུ་ཡོད་པའི་བོད་མི་ངོས་ནས་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་དགོས་ཀྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཐོག་འབད་བརྩོན་གནང་དང་གནང་བཞིན་ཡོད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོས་ནས་ལངས་ཕྱོགས་གང་འཛིན་གྱི་ཡོད་ནའང་བོད་དོན་ཐད་ལས་འགུལ་མང་ཙམ་སྤེལ་དགོས་པའི་དུས་ཚོད་སླེབས་འདུག
ནང་ཁུལ་གྱི་རྙོག་གླེང་ལ་མགོ་མ་འཐོམས་པར་བོད་སྤྱི་པའི་རྩ་དོན་ཐད་ལས་འགུལ་སྤེལ་དགོས། དཔེར་ན། ཨ་རིར་ཡོད་པའི་བོད་མི་རྣམས་ཀྱིས་རྒྱལ་སྤྱི་བོད་དོན་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་ལོ་རེར Tibet Lobby Day ཞེས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ཡུ་རོབ་དང་ཨོ་སི་ཊི་ལི་ཡར་སྤེལ་དགོས། ཁེ་ན་ཌ་ནང་བོད་མིའི་གཞོན་སྐྱེས་ཁེ་ན་ཌ་གྲོས་ཚོགས་ནང་དྭངས་བླངས་ཞབས་ཞུ་གནང་རྗེས་ཁེ་ན་ཌ་གྲོས་ཚོགས་ཀྱི་ལས་དོན་རྣམས་རྒྱུས་མངའ་ཡོད་པར་བརྟེན་ཕྱིས་སུ་གྲོས་ཚོགས་འཐུས་མི་ནང་ལངས་མཁན་ཡོང་གི་ཡོད། དེ་བཞིན་ཨ་རི་དང་ཨོ་སི་ཊི་ལི་ཡ། ནེའུ་ཛི་ལེནཌ། ཉི་ཧོང་སོགས་གྲོས་ཚོགས་ནང་དྭངས་བླངས་ཞབས་ཞུ་གནང་མཁན་མང་ཙམ་དགོས་ཀྱི་འདུག ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་སློབ་སྦྱོང་མཐིལ་ཕྱིན་པ་གནང་རྗེས་ས་གནས་ཀྱི་ལས་བྱེད་ཁོངས་འཛུལ་ཞུགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག མི་དང་མི་བར་གྱི་འབྲེལ་བ་བཟང་དུ་གཏོང་དགོས། ཞེས་དང་།
གཞན་ཡང་ཉེ་ཆར་རྒྱ་ནག་གི་སོ་མྱུལ་བ་འཛིན་བཟུང་བྱས་ཡོད་པར་བོད་མི་རྣམས་ནས་སྤྱང་གྲུང་དགོས་སྐོར་དང་། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་རྣམས་ནས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པ་རྣམས་ལ་ཡི་རང་བསྔགས་བརྗོད་དང་། དེ་བཞིན་རྒྱ་གར་ནང་ཉིན་རེ་བཞིན་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་ཡོད་སྟབས་བོད་མི་ཡོངས་ནས་འཕྲོད་བསྟེན་ཐོག་སྔར་ལྷག་ཐུག་སྣང་དགོས་སྐོར་སོགས་གསུངས། །