ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང་The Foundation for Non-violent Alternatives གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༤ ཉིན་རྒྱ་དཀར་ནག་གི་འབྲེལ་ལམ་ཁྲོད་བོད་དང་འབྲེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་ Tibet in Sino-Indian Relations – the Need for a Policy Reappraisal ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད་པ་དང་། འཚེ་མེད་ཞི་བའི་བསྟི་གནས་ཁང་གིས་དྲ་ཐོག་བགྲོ་གླེང་སླད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ་དང་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ Kreddha ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ཝལ་ཊ་ཝན་པཱ་རག་ Dr. Michael van Walt van Praag ལགས། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང༌ཟུར་པ་དང་དམག་སྤྱི་ཟུར་པ་ཇེ་ཇེ་སིངྒ་ J.J.Singh ལགས་བཅས་གདན་འདྲེན་ཞུས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། རྒྱ་དཀར་ནག་གི་འབྲེལ་ལམ་གྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན། རྒྱ་གར་གྱི་སྲིད་བློན་ལཱལ་བྷ་ཧཱ་དུར་ཤཱསྟྲི་ Shri Lal Bahadur Shashtri མཆོག་མ་གཏོགས་སྲིད་བློན་གཞན་ཚང་མས་རྒྱ་ནག་དང་མཉམ་བསྟུན་མཁས་གནང་ཡོད། ད་བར་རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ལྷན་བསྟུན་མཁས་གནང་ཡང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད། དེར་བརྟེན་རྒྱ་གར་གྱི་ངོས་ནས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་དང་མཉམ་བསྟུན་མཁས་གནང་རྒྱུའི་ཚབ་ཏུ་འགྲན་བསྡུར་གནང་དགོས། དཔེར་ན་ཨ་རི་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། ཉི་ཧོང་། ཨོ་སི་ཊི་ལི་ཡ་སོགས་ནས་རྒྱ་ནག་དང་ལྷན་བསྟུན་མཁས་གནང་རྒྱུའི་ཚབ་ཏུ་འགྲན་བསྡུར་གནང་རྒྱུའི་སྲིད་བྱུས་འགོ་འཛུགས་གནང་ཡོད། རྒྱ་གར་ཕྱོགས་ནས་ཀྱང་དེ་ལྟར་གནང་དགོས་པའི་དུས་ལ་བབས་ཡོད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གྲངས་ ༦༣ ནས་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ཙམ་བཙན་དབང་གིས་ངལ་རྩོལ་བ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་པ་དང་། རྒྱ་གར་གྱིས་འཛམ་གླིང་མང་གཙོ་རྒྱལ་ཁབ་ཚོ་དང་ལྷན་མཉམ་འབྲེལ་གནང་དགོས། རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་དང་བརྒྱུད་ལམ་གཞན་གྱི་གླེང་སྟེགས་སུ་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཡོང་བཅུག་སྟེ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་འཇུག་དགོས་པའི་བསམ་ཚུལ་བཏོན་གནང་བ་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་༢༠༠ ཙམ་ནས་རྒྱ་གར་དབུས་གཞུང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྷ་ར་ཏ་རཏྣ་ཞེས་པའི་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། རྒྱ་གར་གཞུང་གི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྷ་ར་ཏ་རཏྣ་ཞེས་པའི་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་གཙོ་བོར་གྱུར་བའི་ལྟ་གྲུབ་དེ་དག་བསྐྱར་གསོའི་སླད་དུ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ཞིག་གསར་སྐྲུན་གནང་རྒྱུའི་དགོངས་གཞི་ཡོད་པ་སོགས་ཀྱི་སྐོར་གསུངས།།