ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་གསུང་དོན། དེ་རིང་ངས་གནད་དོན་ཁག་གཅིག་གི་སྐོར་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་ཤོག་དང་སྦུག་ཐམ་རྫུན་བཟོས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་ཡིག་རྫུན་མ་ཞིག་སྤྱི་ཚོགས་དྲྭ་ལམ་དུ་འགྲེམས་སྤེལ་བྱས་འདུག་པ་འདི་ཧ་ཅང་ནོར་འཁྲུལ་ཆེན་པོ་ཡིན་པ་མ་ཟད། དེ་ལྟར་བྱེད་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ཡིན།
འོས་བསྡུའི་ནང་རྒྱབ་སྐྱོར་བྱེད་མཁན་སུ་ཡིན་ནའང་སོ་སོའི་འོས་མིར་བསྔགས་བརྗོད་ཇི་ཙམ་གནང་བ་ཡིན་ནའང་འགྲིག་གི་ཡོད། འོན་ཀྱང་འོས་མི་གཞན་དེར་སྐྱོན་བརྗོད་བྱེད་ན་རྩ་བ་ཉིད་ནས་འགྲིག་གི་མེད། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་ཆོས་ཕྱོགས་དང་ཆབ་སྲིད་གང་གི་ཐོག་ནས་བེད་སྤྱོད་ཞུས་པ་ཡིན་ནའང་བཟང་སྤྱོད་དང་བརྒལ་བ་མ་ཟད་ཧ་ཅང་རྫབ་ཆེན་རེད། དེར་བརྟེན་བྱ་སྤྱོད་འདི་རིགས་རྩ་བ་ཉིད་ནས་འགྲིག་གི་མེད་པས་ངེས་པར་དུ་མཚམས་འཇོག་དགོས་ཞེས་བརྗོད་རྒྱུ་ཡིན། འདི་སུས་འགྲེམས་སྤེལ་བྱས་པ་ང་ཚོས་ཞིབ་འཇུག་བྱེད་བཞིན་ཡོད། མ་འོངས་པར་སྤྱི་ཚོགས་དྲ་རྒྱ་བརྒྱུད་འདི་རིགས་ཡོང་སྲིད་སྟབས། མང་ཚོགས་ནས་སྤྱང་གྲུང་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ནང་རྒྱ་ནག་གཞུང་ནས་ཐེ་བྱུས་དང་། དཀྲོག་གཏམ་སྤེལ་ནས་སྤྱི་ཚོགས་གཏོར་བཤིག་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་རེད་སྙམ་པའི་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། དེ་ལྟར་ཡོང་གི་ཡོད་པའི་རྣམ་པ་ཞིག་མཐོང་བཞིན་འདུག ཉེ་ཆར་རྒྱ་གར་གྱི་གསར་འགོད་པ་ཞིག་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྒྱ་ནག་གཞུང་ལ་སྤྲད་པའི་གནད་དོན་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད། རྒྱ་གར་གྱི་གསར་འགོད་པ་རཱ་ཇིབ་ཤར་མ་ (Rajeev Sharma) ཞེས་པ་དེས་༧གོང་ས་མཆོག་སྙུང་གཞི་ཆེན་པོ་བཞེས་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་ཡོད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་བསྐོ་གཞག་གནང་ཡོད་སྐོར་དང་། ༧གོང་ས་མཆོག་དང་སྲིད་སྐྱོང་དབར་འགལ་ཟླ་ཡོད་སྐོར་བཅས་རྩོམ་གསུམ་བྲིས་ཡོད།རྒྱ་ནག་གཞུང་ནས་རྒྱ་གར་གྱི་གསར་འགོད་པ་ཞིག་ལ་དངུལ་སྤྲད་ནས་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་བྲིས་ནས་སྤེལ་ཐུབ་ཀྱི་ཡོད་ན། བོད་མི་བེད་སྤྱོད་བཏང་ནས་དཀྲོག་གཏམ་སྤེལ་གྱི་ཡོད་པ་ངོས་འཛིན་དགོས།
ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་ཡིག་རྫུན་མ་ཞིག་སྤྱི་ཚོགས་དྲྭ་ལམ་དུ་འགྲེམས་སྤེལ་བྱས་པར་ཧ་ཅང་བློ་ཕམ་ཡོད། འདི་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་ཀྱི་ཡོད་སྟབས་ཕྲལ་དུ་འཚམས་འཇོག་དགོས། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ་ཞི་བདེ་ལྷིང་འཇགས་ཐོག་ནས་ཆ་ཤས་བླང་རོགས།
དེང་སྐབས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཧ་ཅང་ཛ་དྲག་ཆགས་ཡོང་གི་ཡོད། ད་ཆ་རྒྱ་གར་ནི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། དེར་བརྟེན་ཚང་མས་ཡིད་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་ Canara Bank ཞེས་པའི་རྒྱ་གར་དངུལ་ཁུང་གི་ལས་བྱེད་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པར་བརྟེན་ལས་བྱེད་དེ་དང་འབྲེལ་བ་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གྲངས་ ༤༦ ལ་བརྟག་དཔྱད་བྱས་པ་ཡིན། ལས་བྱེད་དེ་དག་ལ་ཏོག་དབྱིབས་གཉན་རིམས་འགོས་མེད། དེ་བཞིན་སྲི་ཞུའི་ལས་བྱེད་ ༡༦ ལ་བརྟག་དཔྱད་བྱེད་ཀྱི་ཡོད། ཁོང་རྣམས་ལའང་ཏོག་དབྱིབས་གཉན་རིམས་འགོས་མེད་པའི་རེ་བ་བྱེད་བཞིན་ཡོད། སྔ་ཕྱི་མ་གཏོགས་གངས་ཅན་སྐྱིད་གཤོངས་ལའང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འབྱུང་ངེས་རེད། དེར་བརྟེན་སྲི་ཞུའི་ལས་བྱེད་རྣམས་ནས་འགན་བཞེས་པའི་ཐོག་ནས་ཡིད་གཟབ་གནང་རོགས།
ལྷག་པར་རྡ་ས་ས་གནས་ནི་༸རྒྱལ་བའི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཡིན་སྟབས་ང་ཚོས་གང་ཅིའི་ཐད་འགན་ཁུར་དགོས། རྡ་སར་ཡོད་པའི་བོད་མི་རྣམས་ཕྱི་ལ་ངེས་པར་ཕེབས་དགོས་ན་མ་གཏོགས་མི་ཕེབས་རྒྱུ་གཙོ་འདོན་གནང་རོགས། ད་ལྟའི་དུས་ཚོད་འདིར་རང་གཞན་ཚང་མས་ནད་ཡམས་འདི་ལས་སྲུང་སྐྱོབ་དང་ཁྱབ་བརྡལ་བཀག་འགོག་གི་དུས་ཚོད་ཆགས་ཀྱི་ཡོད་སྟབས་ཚང་མས་འཕྲོད་བསྟེན་ཐོག་ལྷོད་གཡེང་མ་གནང་བར་ཁ་རས་གྱོན་རྒྱུ་དང་ཕན་ཚུན་འབྲེལ་བ་གནང་སྐབས་བར་ཐག་བཞག་དགོས་པ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་ངེས་པར་བསྟེན་དགོས། ཞེས་སོགས་གསུངས། །