ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོར་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་གྲས་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་སི་ཝནྟ་སིངྒ་ Shri Jaswant Singh མཆོག་སྙུང་གཞིའི་རྐྱེན་པས་དགུང་ལོ་ ༨༢ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་དང་། རྒྱ་གར་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་གནང་བའི་ནང་འཁོད་དོན། རྒྱ་གར་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་སྐུ་ཚེའི་འཕེན་པ་རྫོགས་པར་རྒྱ་གར་གཞུང་མང་གཉིས་ནས་མྱ་ངན་ཞུ་བཞིན་པའི་སྐབས་འདིར། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་སྐྱེའི་ཐུགས་གསོ་ཞུ་བཞིན་ཡོད།
སྐུ་ཞབས་ཇ་སི་ཝནྟ་སིངྒ་མཆོག་གིས་དེ་སྔ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་། བདེ་སྲུང་བློན་ཆེན། དཔལ་འབྱོར་བློན་ཆེན་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། དམ་པ་ཁོང་ནི་རླབས་ཆེན་གྱི་དབུ་ཁྲིད་ཅིག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཡུན་རིང་ཤོས་གནང་མྱོང་མཁན་ཞིག་ཀྱང་ཡིན། དམ་པ་ཁོང་གིས་ཕྱི་སྲིད་བློན་ཆེན་གནང་བའི་སྐབས་ཕྱི་རྒྱལ་ཁག་དང་འབྲེལ་བ་གཏིང་ཟབ་བཙུགས་ཏེ་རྒྱ་གར་གྱི་དཔལ་འབྱོར་དང་ཆབ་སྲིད་ཡར་རྒྱས་ཀྱི་ཐད་ལ་རླབས་ཆེན་གྱི་མཛད་རྗེས་བཞག་གནང་ཡོད།
དམ་པ་ཁོང་གིས་དབུ་ཁྲིད་གནང་བའི་རིང་རྒྱ་གར་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། ཕྲན་རང་ཉིད་དམ་པ་ཁོང་དང་ལྷན་ཨ་རིའི་ཧར་ཝར་ཌིའི་མཐོ་སློབ་དང་ལྡི་ལིར་ཐེངས་གཉིས་ཙམ་ཐུག་འཕྲད་ཀྱི་སྐལ་བ་བཟང་པོ་བྱུང་། འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱིས་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་དང་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་གསོ་དང་། དམ་པ་དེ་ཉིད་ཀྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད།
ཕྱི་ལོ་ ༢༠༡༣ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་སྤེལ་སྐབས་དམ་པ་ཁོང་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་བོད་དོན་བདེན་མཐའ་གང་མགྱོགས་གསལ་བར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ཅེས་འཁོད་ཡོད།
སྤྱིར་སྐུ་ཞབས་ཇ་སི་ཝནྟ་སིངྒ་མཆོག་ནི་ཕྱི་ལོ་ ༡༩༣༨ ཟླ་ ༡ ཚེས་ ༣ ཉིན་འཁྲུངས་ཤིང་། རྒྱ་གར་གྱི་དམག་མི་ཟུར་པ་དང་བྷེ་ཇེ་པི་ཆབ་སྲིད་ཚོགས་པ་གསར་འཛུགས་གནང་མཁན་གྲས་ཡིན། ད་བར་དམ་པ་ཁོང་གིས་དེབ་གྲངས་དྲུག་ལྗགས་རྩོམ་གནང་ཡོད།།