ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ ༩ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་ “མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས།” ཞེས་པའི་དཔེ་དེབ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་དབུ་འབྱེད་གནང་འདུག
དཔེ་དེབ་དེ་ནི་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་གནང་བའི་དཔེ་དེབ་ཅིག་ཡིན་ཞིང་། དེབ་དེའི་ནང་མང་གཙོའི་རྒྱལ་ཁབ་ཁག་འདྲ་མིན་གྱི་རྩ་ཁྲིམས་གོ་བདེ་པོ་དང་། ཞིབ་ཕྲའི་ཐོག་འགྲེལ་བརྗོད་གནང་ཡོད་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དཔེ་དེབ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། སྤྱི་ཡོངས་མང་གཙོའི་སྒྲོམ་གཞིའི་སྐོར། ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་ཡིན་སྐོར་དང་། ཁྲིམས་ལུགས་ཡོད་ཚད་ཀྱི་མ་དཔེ་ལྟ་བུ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆགས་ཀྱི་ཡོད་པར་བརྟེན་མང་གཙོའི་རྒྱལ་ཁབ་ནང་རྩ་ཁྲིམས་གལ་ཆེན་པོ་ཡིན་ལུགས་སོགས་གསུངས་གནང་འདུག
དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ལས་སྣེ་རྣམ་པ་སོགས་དཔེ་དེབ་དབུ་འབྱེད་མཛད་སྒོར་མགྲོན་འབོད་གནང་བ་ལྟར་ཕེབས་པ་དང་། དེ་བཞིན་མཛད་རིམ་གོ་སྒྲིག་གནང་མཁན་དང་དཔེ་དེབ་པར་སྐྲུན་སོགས་ལ་མཐུན་འགྱུར་གནང་མཁན་ཁོང་གི་སློབ་ཕྲུག་ཟུར་པ་རྣམ་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཁོང་གིས་འདས་པའི་ལོ་མང་རིང་ཕྱོགས་བསྒྲིགས་ཞུས་པའི་སྤྱིར་རྒྱལ་ཁབ་ཁག་ ༢༥༠ ཙམ་དང་། ལྷག་པར་མང་གཙོའི་རྒྱལ་ཁབ་ ༡༨༠ ཙམ་གྱི་རྩ་ཁྲིམས་ཕྱོགས་བསྡུས་སྐོར་ལ་ཞིབ་ཕྲ་གསུང་དོན། རྩ་བའི་སྲིད་དོན་སློབ་ཚན་སོགས་སློབ་ཚན་གང་རུང་འཁྲིད་པའི་སྐབས་སུ་འཁྲིད་སྟངས་དེ་རྣམ་བཞག་གམ་གཞུང་ལུགས་རྐྱང་པའི་ཐོག་ནས་འཁྲིད་སྟངས་གཅིག་དང་། ཡང་དཔེ་མཚོན་དང་མཉམ་དུ་འཁྲིད་སྟངས་གཅིག་བཅས་གཉིས་ཡོད། དཔེ་དེབ་འདིའི་ནང་གཙོ་བོ་གཞུང་ལུགས་ཡོད་པ་གང་ཞིག་ལ་མཉམ་དུ་རྒྱལ་ཁབ་སོ་སོའི་རྩ་ཁྲིམས་གཞིར་བཟུང་མང་གཙོ་ལོངས་སུ་སྤྱོད་སྟངས་དཔེ་མཚོན་དང་བཅས་པ་བཀོད་པའི་ཐོག་ནས་འགྲེལ་བརྗོད་གནང་རྒྱུར་འབད་བརྩོན་ཞུས་ཡོད།
སྤྱིར་རྒྱལ་ཁབ་ཀྱི་ངོ་བོ་མཚོན་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་བཞི་ཡོད། དེ་དག་ནི་མི་སེར་དང་། ས་ཁོངས། གཞུང་། བླ་ན་མེད་པའི་དབང་ཚད་བཅས་ཡིན། མི་སེར་ཐོབ་ཐང་ལ་ཆ་བཞག་ན། རྒྱལ་ཁབ་སོ་སོའི་ནང་མི་སེར་ཐོབ་ཐང་བླང་ཆོག་གི་ངོ་བོ་དང་ཆ་རྐྱེན་འདྲ་མིན་ཡོད། དཔེར་ན་གདོད་མའི་མི་སེར་དང་། ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ས་ཁུལ་གཞན་ནས་ཡོང་སྟེ་མི་སེར་ཞུས་པ་དེ་འདྲ་ཡོད་རེད། དེ་བཞིན་རྒྱལ་ཁབ་སོ་སའི་ནང་མི་སེར་གཅིག་གམ་ཡང་ན་གཉིས་གསུམ་སོགས་ཀྱི་ཐོབ་ཐང་བླང་ཆོག་མིན་འདྲ་མིན་ཡོད་པ་དཔེར་ན། རྒྱ་གར་དང་། འབྲུག་རྒྱལ་ཁབ་ལྟ་བུར་མཚོན་ན་རྒྱལ་ཁབ་གཅིག་གི་མི་སེར་ཐོབ་ཐང་མ་གཏོགས་བླང་ཆོག་གི་མེད། ཨིན་ཡུལ་དང་། སུད་ཌེན་ལྟ་བུ་རྒྱལ་ཁབ་གཉིས་དང་། ཨ་རི་དང་ཕ་རན་སི་ལྟ་བུ་རྒྱལ་ཁབ་གསུམ་གྱི་མི་སེར་བླང་ཆོག་གི་ཡོད།
བླ་ན་མེད་པའི་དབང་ཚད་ཐོག་གཙོ་བོ་ལྔ་ཡོད། རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་གླུ། སྐད་ཡིག རྒྱལ་རྟགས། རྒྱལ་ཁབ་ཀྱི་དམིགས་བསལ་གྱི་ཉིན་མོ་བཅས་ཡིན། གོོང་གསལ་རྣམས་རྒྱལ་ཁབ་ཀྱི་རྩ་ཁྲིམས་མང་ཆེ་བའི་ནང་ཡོད་རེད། དེ་དག་གིས་རྒྱལ་ཁབ་ནང་ཡོད་པའི་མི་སེར་རྣམས་གཅིག་སྒྲིལ་དང་། རྒྱལ་ཞེན་ཡོང་རྒྱུར་སེམས་ཤུགས་སྤར་གྱི་ཡོད།
མང་གཙོའི་བྱུང་བའི་ཐོག་ཆ་མཚོན་ན། སྲིད་དོན་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། ཡོངས་གྲགས་སུ་གྷི་རི་སི་ནས་མང་གཙོ་ཐོག་མར་དར་བར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་གར་གྱི་སྤྱི་ཚོགས་ཚན་རིག་པ་ཁག་ཅིག་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐབས་ཆོས་ཕྱོགས་ཀྱི་མཛད་པའི་ཐོག་ནས་རྒྱ་གར་གྱི་ཡུལ་ཡངས་པ་ཅན་ནས་དར་བར་ངོས་འཛིན་བྱེད་ཀྱི་ཡོད། ཨ་རི་ལ་དུས་རབས་གསར་པའི་མང་གཙོ་ཞེས་དང་། ཨིན་ཡུལ་ལ་རྩ་ཁྲིམས་རྙིང་ཤོས་ཀྱི་མང་གཙོ། རྒྱ་གར་ལ་རྩ་ཁྲིམས་གཞི་རྒྱ་ཆེ་ཤོས་ཀྱི་མང་གཙོ་ཞེས་བརྗོད་ཀྱི་ཡོད། རྩ་ཁྲིམས་ལ་དབྱེ་ན། རྩ་ཁྲིམས་ཡིག་ཐོག་ཡོད་པ་དཔེར་ན་ཨ་རི་ལྟ་བུ་དང་། རྩ་ཁྲིམས་ཡིག་ཐོག་མེད་པ་དཔེར་ན་ཨིན་ཡུལ་ལྟ་བུ། དེ་བཞིན་བསྐྱར་བཅོས་བྱ་སླ་བའི་རྩ་ཁྲིམས་དང་། བསྐྱར་བཅོས་བྱེད་ཁག་པོ་ཡོད་པའི་རྩ་ཁྲིམས། དེ་གཉིས་ཀ་ཡོད་པའི་རྩ་ཁྲིམས་སོགས་ཡོད་ཅེས་གསུངས་གནང་བ་དང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབང་ཆ་གཅིག་བསྡུས་ཀྱི་མང་གཙོའི་གཞུང་དང་། དབང་ཆ་གཅིག་བསྡུས་མ་ཡིན་པའི་མང་གཙོའི་གཞུང་། དེ་གཉིས་ཀ་ཡོད་པ་མཉམ་མཐུན་གྱི་གཞུང་བཅས་མང་གཙོའི་ནང་གཞུང་གི་རྣམ་པ་མི་འདྲ་བའི་སྐོར་དང་། ཐད་ཀར་མང་གཙོ་དང་། བརྒྱུད་ཀྱི་མང་གཙོའི་སྐོར། དེ་བཞིན་སྲིིད་འཛིན་ལམ་ལུགས་ཀྱི་མང་གཙོའི་གཞུང་དང་། གྲོོས་ཚོགས་ལམ་ལུགས་ཀྱི་མང་གཙོའི་གཞུང་གི་སྐོར། མང་གཙོའི་ལམ་ལུགས་ནང་གི་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་པ་དཔེར་ན་གུ་ཡངས་རིང་ལུགས་དང་། རྙིང་ཞེན་རིང་ལུགས་སོགས་ཀྱི་སྐོར། གྲོས་ཚོགས་དང་། འཛིན་སྐྱོང་། ཁྲིིིམས་ཞིབ་བཅས་མང་གཙོའི་ཀ་བ་གསུམ་ཡོད་པར་བརྟེན་དབུས་དང་། མངའ་སྡེའི་གཞུང་གཉིས་ཀར་ཚད་དང་ལྡན་པའི་སྲིད་སྐྱོང་རྒྱུར་ཕན་རླབས་ཡོད་སྐོར། རྒྱལ་ཁབ་སོ་སོའི་ནང་རྒྱལ་ཁབ་ཀྱི་སྐད་ཡིག་རྩ་འཛིན་གནང་ཕྱོགས་སྐོར་གསུངས་གནང་འདུག
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔལ་ལྡན་ཚོགས་གཞོན་མཆོག་ནས་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཀྱི་དཔེ་དེབ་གོ་བདེ་པོ་དང་། གཏིང་ཟབ་པོ་ཡོད་པ་ཞིག་ཕྱོགས་བསྒྲིགས་གནང་བར་བསྔགས་བརྗོད་དང་སྦྲགས། འཛམ་གླིང་ནང་གི་མང་གཙོའི་འགྲོ་ལུགས་མི་འདྲ་བའི་སྐོར་དང་། མང་གཙོའི་ཀ་བ་གསུམ་གྱི་དབར་དོ་མཉམ་སྟངས་འཛིན་ཡོང་ཆེད་དབང་ཆ་ཆ་བགོས་གནང་བ་དེས། དབང་ཆ་ལོག་སྤྱོད་མི་ཡོང་བ་དང་། མང་གཙོ་ཡང་དག་ལག་ལེན་ཡོང་རྒྱུར་གལ་ཆེ་ཡིན་སྐོར། དེ་བཞིན་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་དགེ་མཚན་སྐོར་སོགས་གསུངས་གནང་བ་དང་། དེ་དང་ཆབས་ཅིག་སླེབས་ལ་ཉེ་བའི་སྲིད་སྤྱིའི་འོས་བསྡུའི་ཁྲོད་རྒྱ་དམར་གཞུང་གིས་བོད་པའི་སྤྱི་ཚོགས་ནང་དཀྲུག་རྒྱུའི་བྱ་སྤྱོད་འགོ་འཛུགས་ཡོད་སྟབས། བོད་མི་ཚང་མས་སྤྱང་གྲུང་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག
དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྒྱུན་ལས་གེ་བ་ཚང་ངག་དབང་ཐར་པ་མཆོག མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག ཚོགས་མི་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་བཅས་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། གསར་འགོད་པ་བཅས་ཕེབས་གནང་ཡོད་འདུག་པ་བཅས། །