ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་ངེས་བརྟན་མེད་པའི་གནས་སྟངས་འོག་ང་ཚོ་འགྲོ་བ་མི་ཐུན་མོང་གི་རང་བཞིན་བཟང་པོ་གོང་མཐོར་གཏོང་ཚུལ་ (Cultivating our Common Humanity amidst Uncertainty) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་ཡན་ལག་གི་ཚོགས་གཙོ་ལྕམ་སྐུ་ཨེ་མི་ཀོ་ཧེན་ཝ་རེ་ལ་ Amy Cohen Varela ལགས་དང་། མེད་ཐིའུ་རི་ཀཱ་ཌི་ Matthieu Ricard ལགས། ཨཱར་ཧུ་སི་གཙུག་ལག་མཐོ་སློབ་ཁང་གི་ཕན་ཚུན་སེམས་ཀྱི་འབྲེལ་འདྲིས་བསྟི་གནས་ཁང་གི་སློབ་དཔོན་ཆེན་པོ་ཨན་ཌི་རི་སི་ Andreas Roepstorff ལགས་བཅས་མཉམ་ཞུགས་ཀྱིས་བགྲོ་གླེང་གནང་ཡོད།
དེ་ཡང་བགྲོ་གླེང་གི་ཐོག་མར་ཡུ་རོབ་སེམས་དང་སྲོག་གི་ཚོགས་པའི་ཡན་ལག་གི་ཚོགས་གཙོ་ལྕམ་སྐུ་ཨེ་མི་ཀོ་ཧེན་ཝ་རེ་ལ་ལགས་ཀྱིས་སེམས་དང་སྲོག་གི་ཚོགས་པའི་སྐོར་ངོ་སྤྲོད་གནང་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་དུ་ཨེ་མི་ཀོ་ཧེན་ཝ་རེ་ལ་ལགས་ཀྱི་བཟའ་ཟླ་ཕི་རན་སི་སི་ཀོ་ཝ་ལེ་ར་ལ་ Francisco Varela ལགས་ཀྱི་འདྲ་པར་ཞིག་ཉར་བཞིན་ཡོད། ཁོང་གིས་ངོས་རང་ལ་དེང་རབས་ཚན་རིག་སྐོར་ངོ་སྤྲོད་གནང་བྱུང་། ང་ཚོས་ཚན་རིག་སྐོར་བགྲོ་གླེང་གནང་སྐབས་ཁོང་གིས་ཚན་རིག་པའི་ཞྭ་མོ་ཡིན་ཞེས་ཞྭ་མོ་ཞིག་གོན་གནང་གི་རེད།
དེ་བཞིན་ང་ཚོས་ནང་པའི་ལྟ་གྲུབ་སྐོར་བགྲོ་གླེང་གནང་སྐབས་ཁོང་གིས་ནང་པའི་ཞྭ་མོ་ཡིན་ཞེས་ཞྭ་མོ་ཞིག་གོན་གནང་གི་རེད། ཁོང་ནི་མི་བཟང་པོ་ཞིག་ཡིན་ཞིང་། ཁོང་གིས་དེང་རབས་ཚན་རིག་པ་དང་མཉམ་དུ་ངོས་རང་བགྲོ་གླེང་གནང་འགོ་འཛུགས་མཁན་གྲས་རེད། རིམ་པས་ཚན་རིག་པ་མང་པོས་སེམས་ཁམས་རིག་པ་དང་སྒོམ་སྐོར་དོ་སྣང་བྱེད་ཀྱི་འདུག་ཅེས་བཀའ་སློབ་སྩལ་བ་དང་།
དེ་རྗེས་མེད་ཐིའུ་རི་ཀཱ་ཌི་ལགས་དང་ཨན་ཌི་རི་སི་ལགས་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེང་སང་མི་མང་པོ་ཞིག་ལ་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད་པས། དེ་སྐོར་བཀའ་སློབ་བསྩལ་རོགས་ཞེས་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྔ་མོ་ཡིན་ན་རྒྱལ་ཁབ་རྣམས་སོ་སོ་གཅིག་པུ་གནས་ཀྱི་ཡོད། ང་ཚོ་ཟེར་བ་དེ་ཁྱབ་ཆུང་ཆུང་ཞིག་ལ་གོ་དགོས། དེང་སང་གོ་ལའི་ཚ་དྲོད་དང་དཔལ་འབྱོར་གྱི་རྐྱེན་པས་ཤར་ལྷོ་དང་ནུབ་བྱང་གི་ཁྱད་པར་མེད་ལ་ང་ཚོ་ཚང་མ་གོ་ལ་གཅིག་གི་སྒང་འཚོ་བཞིན་ཡོད།
སྔ་མོའི་བསམ་བློ་གཏོང་སྟངས་ང་ཚོ་ཟེར་བ་དེ་དུས་ཚོད་ཡོལ་ཟིན་པ་དང་། ད་ལྟ་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མའི་ཆེད་དུ་བསམ་བློ་གཏོང་དགོས། ང་ཚོ་དང་ཁོང་ཚོའི་མ་འོངས་པ་གཅིག་ལ་གཅིག་བརྟེན་ཡོད། དེ་ནི་དངོས་ཡོད་རེད། ང་ཚོ་ནང་པ་ཚོས་མ་རྒན་སེམས་ཅན་ཐམས་ཅད་ཅེས་བསམ་བློ་གཏོང་གི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡི་ཤུ་པས་ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པ་རེད་ཅེས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་དཀོན་མཆོག་གཅིག་གིས་བཟོས་པའི་མཆེད་གྲོགས་ཕོ་མོ་ཤ་སྟག་རེད། དེ་རིང་ཁ་སང་གི་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ཤར་ལྷོ་དང་ནུབ་བྱང་དུ་ཡོད་པའི་མི་ཚང་མ་གཅིག་ལ་གཅིག་བརྟེན་ནས་བསྡད་ཡོད།
འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་དགོས། ངོས་ཀྱིས་ནམ་རྒྱུན་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་གི་ཡོད། འཛམ་གླིང་འདིའི་སྒང་ལ་ང་ཚོ་ཚང་མ་མཉམ་དུ་འཚོ་དགོས། སྔ་མོ་ཡིན་ན་ང་ཚོ་དང་ཁོང་ཚོ་ཞེས་དང་དོད་གནང་གི་ཡོད། དེ་ལ་བརྟེན་ནས་དཀའ་ངལ་མང་པོ་བཟོས་ཡོད། ང་ཚོ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟངས་སྐོར་མི་མང་ལ་སློབ་སྦྱོང་སྤྲོད་དགོས། གོ་མཚོན་ཟེར་བ་ནི་མི་གཞན་མེད་པར་གཏང་རྒྱུ་ཡིན་སྟབས་དངོས་ཡོད་ཐོག་བེད་སྤྱོད་མེད། མི་ཚང་མར་ཁམས་དང་མོས་པ་སྣ་ཚོགས་ཡོད། བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་ལས་ཕན་ཚུན་འཁྲུག་པ་བརྒྱག་རྒྱུ་མེད། བྱམས་པ་དང་། བཟོད་སྒོམ། ཆོག་ཤེས་ཞེས་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་མཚུངས་ཡིན།
རང་གཅེས་འཛིན་གྱི་བསམ་བློ་གཏོང་སྟངས་ཤུགས་ཆེ་དྲགས་པར་བརྟེན་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད། དོགས་པ་བྱེད་པ་དང་ཡིད་ཆེས་མེད་པ་ལ་བརྟེན་ནས་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་ཡོད། མི་ཞིག་དང་ཐུག་འཕྲད་བྱེད་སྐབས་འཛུམ་མུལ་མུལ་དང་གཞན་ཕན་གྱི་བསམ་བློ་བཏང་ན་ཁེར་རྐྱང་གི་ཚོར་བ་སླེབ་ཀྱི་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།