ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཟུར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དྲུང་ཆེ་གསར་པ་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་སུ་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཀླུ་ཁྲི་འཆི་མེད་ཚེ་དབྱངས་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཟུར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས། སྤྲོད་དཔང་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་བཅས་ལྷན་འཛོམས་ཀྱི་ཐོག་མར་དྲུང་ཆེའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་། ཚན་པ་སོ་སོའི་ཁྱབ་ཁོངས་ལས་བྱེད་རྣམ་པའི་བདག་ཉར་འོག་ཡོད་པའི་ཡིག་སྣོད་དང་འཛིན་ཆས་བཅས་རྩིས་སྤྲོད་རྩིས་ལེན་གནང་།
དེ་ནས་ཕྱི་དྲིལ་ལས་བྱེད་རྣམས་ལྷན་འཛོམས་ཐོག་དྲུང་ཆེ་རྣམ་པ་དང་སྤྲོད་དཔང་བཅས་ནས་གསུང་བཤད་གནང་གྲུབ་མཚམས་རྟེན་འབྲེལ་མཚོན་ཕྱིར་གསོལ་ཇ་དང་ཞལ་ཏོག་ཕུལ་ཡོད།
དེ་རྗེས་ཕྱི་དྲིལ་ཚན་པ་ཁག་གི་འགན་འཛིན་རྣམས་ནས་དྲིལ་བསྒྲགས་དྲུང་ཆེ་ཟུར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཐུགས་རྗེ་ལེགས་འབུལ་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ལ་འཚམས་འདྲིའི་མགུལ་དར་ཕུལ་ཡོད་པ་བཅས། །